དབུ་ཤོག
  • དགུན་དུས་རླངས་འཁོར་ཚ་པོ་བཟོ་སྐབས་རང་སོར་བཞག་ནས་ཚ་པོ་བཟོ་མི་རུང་བའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-04-05

    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། དགུན་དུས་སུ། ཁ་ལོ་བ་མང་པོས་ཕྱིར་མ་ཐོན་གོང་རླངས་འཁོར་ཚ་པོ་བཟོ་ཡི་ཡོད། མི་མང་པོ་ཞིག་གིས་རླངས་འཁོར་གློག་སྤར་རྗེས་རང་སོར་བཞག་ནས་སྐར་མ་གསུམ་ནས་ལྔ་བར་ཚ་པོ་བཟོས་ཚེ་རླངས་འཁོར་གཏོང་སྐབས་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ལས་རིགས་གཅིག་པའི་མི་སྣས་རང་སོར་བཞག་ནས་རླངས་འཁོར་ཚ་པོ་བཟོས་ཚེ་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་གནོད་འཚེ་ཕོག་སླ་བས་མྱུར་ཚད་དལ་པོའི་ངང་རླངས་འཁོར་གཏོང་བའི་བྱེད་ཐབས་ཀྱི་ཐོག་ནས་རླངས་འཁོར་ཚ་པོ་བཟོས་ན་ལེགས་ཞེས་བཤད།

    ཅི་ལིན་མའེ་ཧོ་ཁོའུ་རླངས་འཁོར་དྲ་བའི་འགན་འཁུར་མི་སྣ་ཀྲོའུ་ཧུའེ་ཡིས་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་བརྡར་ཟད་བྱུང་བའི་ནང་90%ནི་རླངས་འཁོར་གློག་སྤར་རྗེས་ཀྱི་སྐར་མ་གསུམ་ནང་ཐོན་པ་ཞིག་ཡིན། རླངས་འཁོར་ཚ་པོ་བཟོ་བའི་ཡང་དག་པའི་བྱེད་ཐབས་ནི་གློག་སྤར་ནས་སྐར་མ་ཕྱེད་ཀ་ནས་སྐར་མ་གཅིག་བར་སོང་རྗེས་རླངས་འཁོར་གཏོང་བ་དེ་ཡིན། འོན་ཀྱང་མྱུར་ཚད་དལ་པོའི་སྒོ་ནས་རླངས་འཁོར་གཏོང་བ་ལས་སྒུལ་བྱེད་འཕྲུལ་འཁོར་གྱི་འཁོར་ཚད་3000ལས་བརྒལ་མི་རུང་། སྤྱིར་བཏང་འཁོར་ཚད་2000རྒྱུན་འཁྱོངས་བྱེད་དགོས། དེ་མིན་ན་སྒུལ་བྱེད་འཕྲུལ་འཁོར་དང་དེ་བཞིན་མགྱོགས་ཚད་སྒྱུར་སྒམ་ལ་བརྡར་ཟད་ཐེབས་ནས་སླར་གསོ་ཐུབ་ཐབས་བྲལ། སྒུལ་བྱེད་འཕྲུལ་འཁོར་གྱི་དྲོད་ཚད་དེ་རྒྱུན་གཏན་གྱི་དྲོད་ཚད་ལ་སླེབས་ནས་སྐར་མ་གསུམ་ནས་ལྔ་སོང་རྗེས་གཞི་ནས་རྒྱུན་གཏན་གྱི་མྱུར་ཚད་བཞིན་རླངས་འཁོར་གཏོང་ཆོག་ཅེས་བཤད།

    གཞན་ཡང་ཀྲོའུ་ཧུའེ་ཡིས་གལ་ཏེ་དགུན་དུས་སུ་རང་འགུལ་འདང་རིམ་རླངས་འཁོར་ལ་ཐད་ཀར་སྣུམ་སྟེར་ནས་སྒུལ་བྱེད་འཕྲུལ་འཁོར་གྱི་འཁོར་ཚད་3000ནས་4000བར་སླེབས་ཚེ་མགྱོགས་ཚད་སྒྱུར་སྒམ་ནང་གི་འབྱེད་མཐུད་ཡོ་བྱད་དང་འཁོར་བཀག་ཡོ་བྱད་སོགས་ལ་བརྡར་ཟད་ཐེབས་ནས་རང་འགུལ་མགྱོགས་ཚད་སྒྱུར་སྒམ་གྱི་སྤྱོད་ཚད་ཐུང་དུ་འགྲོ་སྲིད་ཅེས་དམིགས་བསལ་ཐོག་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།