དབུ་ཤོག>གསར་འགྱུར།
  • “བོད་ཀྱི་ཆུ་བཟང” གི་དུས་བབ་བཟང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-04-04

    དྭངས་ཤིང་གཙང་བའི་མཁའ་རླུང་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། ཤིན་ཏུ་སྟུག་པའི་ནགས་ཚལ། བརྗིད་ཆགས་ཡིད་དུ་འོང་བའི་རི་ཀླུང་ལ་སོགས་རང་བྱུང་ཁམས་ལས་གངས་ལྗོངས་ས་མཐོར་སྤུས་ལེགས་དང་། འབེལ་པོ། རྩ་ཆེན་བཅས་ཀྱི་ཚྭ་མེད་ཆུའི་ཐོན་ཁུངས་སྐྱེད་སྲིང་ཐུབ་ཡོད།

    ད་ཆ་དྭངས་ཤིང་གཙང་བའི་བོད་ཀྱི་རང་བྱུང་འཐུང་ཆུ་དེ་ཕུལ་དུ་བྱུང་བའི་སྤུས་རྟགས་ལ་བརྟེན་ནས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བཏང་ནས་འཛམ་གླིང་ཡོངས་ཀྱིས་ཐུན་མོང་ཐོག་རང་བྱུང་ཁམས་ཀྱི་ལག་རྟགས་དེ་ལོངས་སུ་སྤྱོད་བཞིན་མཆིས།

    བོད་ཀྱི་ཆུ་བཟང་། དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཚོའི་མིག་ནང་གི་ཚྭ་མེད་ཆུ་ཡག་ཤོས།

    ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་རྡོ་རྗེས་1987ལོར་ཚོགས་པ་སྣེ་ཁྲིད་དེ་བོད་ཀྱི་ཆུ་མིག་ས་ཚིགས་100ལྷག་ཙམ་ལ་རྩད་ཞིབ་བྱས་པ་དང་སྐབས་དེ་དུས་འདམ་གཞུང་རྫོང་ཁོངས་སུ་ཆགས་པའི་ཆུ་དམར་ནུབ་ཆུ་མིག་ལས་ཁོང་དགའ་སྤྲོ་དཔག་མེད་སྐྱེས།

    ལོ་མང་སོང་རྗེས་ཡོའན་ཀྲང་རྡོ་རྗེས་བཙལ་འཚོལ་ཐུབ་པའི་རྩ་ཆེའི་ཆུ་འགོ་དེ་གསར་སྤེལ་དང་རྣམ་གྲངས་འཛུགས་ཐུབ་པ་དང་ཆུ་དམར་ནུབ་ཆུ་མིག་ནས་ཐོན་པའི་5100གཏེར་ཆུ་ཁྲོམ་རར་བཏོན། དུས་ཡུན་རིང་པོ་མ་སོང་བར་5100གཏེར་ཆུར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་དང་ཀྲུང་གོའི་གྲགས་ཅན་སྤུས་རྟགས་སོགས་བྱ་དགའ་སྔ་རྗེས་སུ་ཐོབ་ཡོད། དེས་མ་ཚད་2013ལོར་སྐབས་བཅུ་པའི་འཛམ་གླིང་འགྱིག་དམ་ཆུའི་ཚོགས་ཆེན་ཐོག་5100གཏེར་ཆུར“འཛམ་གླིང་ཐོག་གི་གཏེར་ཆུ་ཡག་ཤོས་ཀྱི་བྱ་དགའ”སྤྲད་པར་ཨེ་ཤེ་ཡའི་བྱ་དགའ་དེ་ཐོབ་མྱོང་བའི་གཏེར་ཆུའི་སྤུས་རྟགས་གཅིག་པུ་དེར་གྱུར་བ་རེད།

    བོད་ཀྱི་དྭངས་གཙང་ཆུར་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཚན་ཞིབ་སྒྲིག་གཞི་མི་ཉུང་བ་ཞིག་གི་དོ་སྣང་ཐོབ་པ་རེད།

    རྒྱལ་ཁབ་ཀྱི་དབང་གྲགས་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཚན་རིག་ཁང་ནི་རྒྱལ་ཁབ་ཀྱི་སྤྱི་ཕན་རང་བཞིན་གྱི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཀྱི་ཀྲུང་དབྱང་ཞིབ་འཇུག་སྒྲིག་གཞི་གཅིག་པུ་དེ་ཡིན་ཞིང་།ཚན་རིག་ཁང་དེས་ཡོངས་བསྒྲགས་བྱས་པའི《བོད་ཀྱི་རང་བྱུང་འཐུང་ཆུར་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཀྱི་སྙན་ཞུའི》ནང་སྤྱི་ཚོགས་ཡོངས་ལ་བོད་ཀྱི་དྭངས་ཤིང་གཙང་ལ་སྦགས་བཙོག་མེད་པའི་ཆུའི་ཐོན་ཁུངས་བསྟན་པ་དང་བོད་འདི་ཉིད་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་དམིགས་བསལ་ལེགས་ཆ་ལྡན་པ་ར་སྤྲོད་བྱས་ཡོད།

    ཀྲུང་གོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཚན་རིག་ཁང་གི་ཡོའན་ཀྲང་གཞོན་པ་ལི་ལི་ཡིས་ང་ཚོས་ལོ་མང་རིང་བོད་ལ་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུ་བྱེད་ཀྱི་ཡོད། མིག་སྔའི་བར་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཀྱི་སྟོན་གྲངས་ཚང་མ་རྒྱལ་ཁབ་ཀྱི་ཚད་ལྡན་ཚད་གཞི་ལོན་ཡོད་པའི་ར་སྤྲོད་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།

    རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་དྭངས་གཙང་ཆུ་སྐྱེད་སྲིང་ཐུབ་པ་དེ“འཛམ་གླིང་ཡང་རྩེའི”ཁོར་ཡུག་བཟང་པོར་རག་ལུས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡའོ་ཐན་ཏུང་གིས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་100ལྷག་ཙམ་གྱིས་དུས་ཡུན་ལོ་གཉིས་ཙམ་འབད་བརྩོན་བྱས་པ་བརྒྱུད《བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་དང་མཐུན་པའི་དཔྱད་དཔོག》གི་སྙན་ཞུ་ལེགས་གྲུབ་ཟིན་པ་དང་གནམ་གཤིས་དང་། ཆུ། སྣོད་བཅུད་མ་ལག་སོགས་ཕྱོགས་6ཐད་ཀྱི་སྟོན་གྲངས་ཁག་26ཐོག་ནས་ཕྱོགས་བསྡུས་ཐོག་བོད་ལྗོངས་ས་མཐོའི་འདས་ཟིན་པའི་ལོ་2000གོང་ནས་འབྱུང་འགྱུར་ལོ་100བར་གྱི་ཁོར་ཡུག་འགྱུར་ལྡོག་དཔྱད་དཔོག་བྱས་ཡོད། སྙན་ཞུའི་ནང་བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ལེགས་པ་དང་ཁོར་ཡུག་སྤུས་ཚད་རིམ་བཞིན་ལེགས་སུ་སོང་བའི་འཕེལ་ཕྱོགས་ལས་བོད་འདི་ཉིད་གོ་ལ་ཧྲིལ་པོའི་ཁྱོན་དུ་ཆེས་དྭངས་གཙང་གི་ས་ཁུལ་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་ཅེས་བཤད་པ་རེད།

    བོད་ཀྱི་ཆུའི་ཐོན་ལས། ཐོན་ཁུངས་དང་ཐོན་ལས་འབྲེལ་མཐུད་ཡག་པོ་བྱུང་བ།

    བོད་ཀྱི་ཆུའི་ཐོན་ཁུངས་དང་ཆུ་ནུས་ཐོན་ཁུངས་ཤིན་ཏུ་འབེལ་བ་དང་། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་གི་དཔྱད་གཞི་ཞིག་ལས་མངོན་པར། བོད་ཀྱི་ཆུའི་ཐོན་ཁུངས་སྤྱི་འབོར་དང་། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་དབང་ཚད། མུའུ་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད། ཆུ་ནུས་ཆགས་ཚད། འཁྱགས་རོམ་སྤྱིའི་རྒྱ་ཁྱོན་བཅས་སྟོན་གྲངས་ལྔ་པོ་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་། ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4394ཟིན་ནས་རྒྱལ་ཡོངས་ཀྱི་16.5%བཟུང་ཡོད་པ་རེད།

    རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་བོད་ཀྱི་རང་བྱུང་འཐུང་ཆུའི་སྐོར་གླེང་སྐབས་བོད་དུ་མཐོ་གྲང་གསོ་རླུང་དཀོན་པ་དང་། བོད་རིགས་མང་ཚོགས་ཚོས་རང་བྱུང་ཁམས་ལ་དད་གུས་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པ་སོགས་ཀྱི་རྐྱེན་པས་ཡུལ་དེའི་ས་ཆ་མང་པོ་ཞིག་ཏུ་གཞིས་ཆགས་བྱེད་ཉུང་བས་གདོད་མའི་སྣོད་བཅུད་དང་སྦགས་བཙོག་མེད་པའི་རང་བྱུང་སྣོད་བཅུད་རྒྱུན་འཁྱོངས་ཐུབ་པ་དང་རྩ་ཆེའི་ཆུ་འགོར་མིའི་གཏོར་སྐྱོན་ཕོག་མེད་ཅེས་ཤོད་ཀྱི་ཡོད།

    ཀྲུང་གོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཚན་རིག་ཁང་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་ས་འོག་ཆུ་དང་གཏེར་ཆུ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་བོད་ཀྱི་རང་བྱུང་འཐུང་ཆུར་རང་བྱུང་བུལ་ཞན་རང་བཞིན་མངོན་པ་དང་སྭེལ་སྐྱུར་དང་། ལིས། སི། མྰེ་སོགས་རང་བྱུང་གི་རྒྱུན་ཚད་དང་ཚད་ཉུང་གཞི་རྒྱུ་མང་པོ་ལྡན་པས་རང་བྱུང་དང་། དྭངས་གཙང་། ལྷད་མེད། སྤུས་ལེགས་སོགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ་དང་འཛམ་གླིང་ཐོག་ཀུན་ཀྱིས་ཁས་ལེན་བྱེད་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཡག་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    ཀྲུང་གོའི་འཐུང་ཆུ་བཟོ་ལས་མཐུན་ཚོགས་ཀྱི་ལས་འཛིན་དཔོན་ཀྲའོ་ཡ་ལིས་འགྱིག་དམ་ཆུ་ནི་འཐུང་ཆུའི་ལས་རིགས་ཁྲོམ་རའི་གཞི་ཁྱོན་ཆེ་ཤོས་ཀྱི་སྣ་ཁའི་གྲས་ཤིག་ཡིན་པ་དང་དུས་མཚུངས་ལོར་འཕར་ཚད་ཀྱང་མགྱོགས་ཤོས་ཡིན་པར་19%ལོན་ཡོད། བོད་ཀྱི་ཕུན་སུམ་ཚོགས་པ་དང་སྤུས་ལེགས་ཀྱི་ཆུའི་ཐོན་ཁུངས་ལས་འཐུང་ཆུའི་ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་དང་བཟོ་གྲྭ་འཛུགས་པར་ཡོང་རྒྱུར་ཡིད་དབང་འགུག་ངེས་རེད་ཅེས་བཤད།

    དེས་མ་ཚད་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱིས་འགྱིག་དམ་ཆུ་ནི་འཐུང་ཆུའི་ལས་རིགས་ཡོངས་ཀྱིས་ཁས་ལེན་བྱེད་པའི་ཁེ་འབབ་མཐོ་བའི་ཐོན་ལས་ཞིག་ཡིན་ཞིང་། རང་བྱུང་འཐུང་ཆུའི་ཁྲོམ་རའི་མདུན་ལམ་ཡངས་པོ་ཡོད་པ་དང་། མ་འཇོག་དམའ་བ་དང་། ཐོན་འབོར་མང་བ། སྦགས་བཙོག་མེད་པ། ཕན་འབྲས་མཐོ་བ་བཅས་ཡོད་པས་ཆུ་ཏུན་གཅིག་གི་རིན་གོང་དེ་མ་བཅོས་སྣུམ་ཏུན་གཅིག་གི་རིན་གོང་དང་མཚུངས་ཀྱི་ཡོད་ཅེས་བཤད།

    འཕེལ་རྒྱས་ཀྱི་མདུན་ལམ། “ལྕེ་ཐོག་གི”དཔལ་འབྱོར་འཕར་གཞི་གཏོད་པ།

    ཁྲོམ་རའི་བར་མཐོངས་དང་གནས་ཐང་འཕར་མའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་ནི་བོད་ཀྱི་དྭངས་གཙང་ཆུའི་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཞིག་ཡིན།

    བོད་ཀྱི་ངོས་ནས་བརྗོད་ན་ཇི་ལྟར་བྱས་ནས་རང་བྱུང་འཐུང་ཆུའི་ལེགས་ཆའི་ཐོན་ཁུངས་དེ་ལེགས་ཆའི་ཐོན་རྫས་ལ་བསྒྱུར་ནས་རྒྱ་ཆེ་བའི་ཁྲོམ་རར་འདོན་དགོས་པ་དང་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་དགོས་པ་ནི་ངེས་པར་དུ་སེལ་དགོས་པའི་དཀའ་གནད་ཅིག་རེད།

    དུས་རབས་གསར་པར་སླེབས་རྗེས་བོད་ཀྱི་འགྲིམ་འགྲུལ་དང་། ནུས་རྒྱུ། ཟོག་འདྲེན། ཆ་འཕྲིན་བཅས་ཐད་འཕེལ་རྒྱས་ཟམ་མི་ཆད་པར་ཕྱིན་པ་དང་སྲིད་ཇུས་ཀྱི་ལེགས་ཆའང་སྔར་བས་མངོན་གསལ་དོད་དུ་ཕྱིན་པས་བོད་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཐབས་ལམ་གསར་པ་བཏོད་དེ་དྭངས་གཙང་ཆུ་འཛམ་གླིང་སྐྱེ་བོ་ཀུན་དང་མཉམ་རོལ་བྱེད་པའི་དུས་སྐབས་བཟང་པོར་སླེབས་ཡོད།

    2015ལོར་ལས་རིགས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཞུགས་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུས་རང་ལྗོངས་ལ་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཏེ་སྒྲིག་བཟོ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་འཆར་འགོད》(2015ལོ་ནས་2025ལོ་བར)དངོས་སུ་བཏོན་པ་རེད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་བཟོ་བཀོད་ཆེ་མོ་བ་ཝང་ལི་མིང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུས་བོད་ཀྱི་ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོང་མཉམ་སྤྱོད་བྱ་ཐབས་མཐའ་འཁྱོངས་བྱ་རྒྱུར་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ལེགས་ཆར་བསྒྱུར་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་བོད་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་དང་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ད་ཆ་བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཐད་སྣ་ཁ་ཕུན་སུམ་ཚོགས་པ་དང་རིམ་པ་མཐོ་འབྲིང་གི་ཐོན་རྫས་གྲུབ་པ་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བཏོན་ཆོག་པའི་རྨང་གཞི་དང་ཆ་རྐྱེན་ལྡན་ཡོད།

    འབྱུང་འགྱུར“བོད་ཀྱི་ཆུ་བཟང་། འཛམ་གླིང་མཉམ་སྤྱོད”ཀྱི་ཕུགས་འདུན་དེ་མངོན་འགྱུར་བྱུང་བ་དང་སྦྲགས་དྭངས་གཙང་ཆུ་དེ“ལྕེ་ཐོག་གི”བོད་ཀྱི་དཔལ་འབྱོར་འཕར་གཞི་ཞིག་ཏུ་གྱུར་ནས་གངས་ལྗོངས་ས་མཐོ་ཙམ་མ་ཟད་ཐ་ན་འཛམ་གླིང་ཡོངས་ལའང་ཕན་པ་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།