བྱུག་པ་ཟེར་བ་དེ་ནི་མར་རྙིང་པ་དང་། ཏིལ་སྣུམ། སྲོག་ཆགས་ཀྱི་ཚིལ་ལུ། ཡང་ན་སྨན་རྫས་རིགས་བཅས་ཀྱིས་བྱུག་པ་བརྒྱབ་ནས་འཕུར་བ་དང་། མཉེ་བ། ཕྱི་བ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་ནད་གཞི་ཁག་གཅིག་བཅོས་ཐབས་བྱེད་པ་ཞིག་རེད།
སྣུམ་རིགས་ཀྱི་བྱུག་པ་ནི་སྨྱོ་བ་དང་། འབོག་པ། དྲན་མེད་དུ་བརྒྱལ་བ་སོགས་རླུང་ནད་རིགས་ལ་ལོ་འཁོར་བའི་མར་རྙིང་པས་ཚིགས་པ་དང་པོ(མཇིང་ཚིགས་བདུན་པ་ནས་ཚད་འཛིན་དགོས་)དང་། དྲུག་པ། བདུན་པ། མདུན་གྱི་བྲང་གཞུང་དཀར་ནག་མཚམས་བཅས་ལ་བྱུག་པ་བརྒྱབ་ནས་འཕུར་མཉེད་བཏང་རྗེས་རྩམ་པས་ཕྱིད་དགོས་(བྱུག་པ་ཚང་མར་དེ་ལྟར་བྱེད་དགོས་) ཆུ་སེར་ཟ་འཕྲུག་གི་ནད་ལ་རྟ་དང་རྐྱང་། བོང་བུ་བཅས་ཀྱི་ཚིལ་ལུས་བྱུག་པ་རྒྱག་དགོས་པ་དང་། མཁལ་མའི་ནུས་པ་ཉམས་པ་དང་། ཁུ་བ་འཛག་པའི་ནད་ལ་སྲམ་གྱི་ཚིལ་ལུ་དང་འཕྱི་བའི་ཚིལ་ལུས་སྐེད་ཚིགས་ལ་བྱུག་པ་རྒྱག་དགོས་པ། ཤིག་དང་སྲོ་མ་མང་བར་ཤ་བའི་ཚིལ་ལུས་བྱུག་པ་རྒྱག་དགོས་པ། ཁྱིས་རྨུགས་པའི་རྨ་རྒན་ལ་ཁྱིའི་ཚིལ་ལུས་བྱུག་པ་རྒྱག་དགོས་པ། གདོང་གི་འབྲུམ་ཤུལ་མེད་པ་བཟོ་བར་རའི་ཚིལ་ལུ་དང་འབྲི་མོག་གཉིས་སྦྱར་ནས་བྱུག་པ་རྒྱག་དགོས་པ། མིག་ལ་སྐྱ་འགྲིབ་འཁོར་བར་འབྲི་མར་དང་གོ་སྙོད་སྦྱར་ནས་རྐང་མཐིལ་ལ་བྱུག་པ་རྒྱག་དགོས་པ་བཅས་རེད། བྱུག་པ་རྒྱག་མི་རུང་བའི་ནད་གཞི་ནི། ཁ་ཟས་མ་ཞུ་བའི་ནད་དང་། རླུང་ནད་བརླ་རེངས། ཡི་ག་འཆུས་པ། དབྱིག་དུག་ཕོག་པ། དམུ་ཆུའི་ནད། བད་ཀན་དང་ཕོ་བ་སྨུག་པོའི་ནད་སོགས་ལ་བྱུག་པ་རྒྱག་མི་རུང་།