ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི་2016ལོའི་པེ་ཅིང་གི་བོད་སྐྱོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་པེ་ཅིང་གིས་ཁྱོན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.6240བཀོད་སྒྲིག་བྱས་པ་དང་། དེའི་ནང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ལོ་དེའི་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་3.0240(ལྷ་ས་གྲོང་ཁྱེར་ལ་སྒོར་དུང་ཕྱུར་2.2680རོགས་སྐྱོར་དང་ཆབ་མདོ་གྲོང་ཁྱེར་ལ་སྒོར་ཁྲི་7560རོགས་སྐྱོར་བྱས་པ)དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རྩིས་མཇུག་འགྲིལ་ནས་རྩིས་ཁུངས་སྤོས་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་6000 ཁྱོན་རྣམ་གྲངས་37བཀོད་སྒྲིག་བྱས་པ་དང(མཐུད་སྐྲུན་རྣམ་གྲངས་5དང་གསར་སྐྲུན་རྣམ་གྲངས་32)ཚུད་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གི་བོད་སྐྱོར་རྣམ་གྲངས་གཙོ་བོ་དེ་གནད་སྨིན་དབུལ་སྐྱོར་དང་། སྤྱི་པའི་ཞབས་ཞུ། འགྲོ་འོང་སྤེལ་རེས་མཉམ་འདྲེས། རིག་སྟོབས་ཀྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བཅས་ཕྱོགས་བཞིའི་ཐད་ནས་གཙོ་བོ་མཚོན་གྱི་ཡོད། དེའི་ཁྲོད་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཁག་12བཀོད་སྒྲིག་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1.248བཀོད་སྒྲིག་བྱས་པ་དེས་བསྡུར་གྲངས་43.4%ཟིན་པ་དག་གཙོ་བོ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་ས་ཁོངས་དབུལ་པོ་དང་། མི་འབོར་དབུལ་པོའི་འཚོ་བའི་ཆ་རྐྱེན། སྡོད་གནས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་དེ་བཞིན་ཐོན་ལས་ཐད་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཙོ་བོ་སྤྱད་ཡོད་པ་དང་། སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཁག་16བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་དུང་ཕྱུར་1.415བཀོད་སྒྲིག་བྱས་པ་དེས་བསྡུར་གྲངས་49.34%བཟུང་བ་དག་གཞི་རིམ་གྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག རིག་གནས་ལུས་རྩལ་བྱ་གཞག་སོགས་ཐད་སྤྱད་ཡོད་པ་དང་། འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ་རིགས་ཀྱི་རྣམ་གྲངས་ཁག་3བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་ཁྲི་600བཀོད་སྒྲིག་བྱས་པ་དག་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་གསུམ་གྱི་བྱེད་སྒོ་སྤེལ་རྒྱུར་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་དང་། རིག་སྟོབས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་རིགས་ཀྱི་རྣམ་གྲངས་ཁག་4བཀོད་སྒྲིག་བྱས་ནས་མ་དངུལ་སྒོར་ཁྲི་800བཀོད་སྒྲིག་བྱས་པ་དག་ལག་རྩལ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱང་ཚད་མཐོ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཚོའི་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་རོགས་བྱས་ནས་དབུལ་སྒྲོལ་གྱི་རྩལ་ནུས་ཁོང་དུ་ཆུད་རོགས་བྱས་པ་སོགས་ཀྱི་ཐད་སྤྱད་ཡོད་པ་རེད།