བོད་བཟོའི་གསོལ་ལྕོག་ཐོག་བྱི་རིལ་གྱིས་ཁེངས་པ་དང་། ཚོམས་ཆེན་ནང་གི་དཔེ་སྒྲོམ་ཐོག་ལྒང་བཞུ་དམར་པོ་བཀལ་ཡོད་པ། འཁྱག་སྒམ་སྟེང་ཆེ་ཆུང་ཚུན་10བྱས་པའི་ཁྱིམ་མི་མཉམ་འཛོམས་ཀྱི་པར་ཞིག་བསྒྲིགས་ཡོད་པར་ཀུན་གྱིས་དོ་སྣང་ཡོང་སྲིད། པར་དེའི་ནང“ཨ་མ”བློ་བཟང་སྒྲོལ་མ་དང་ཁོང་ཁྱིམ་གྱི་ཕྲུ་གུ་23མཉམ་དུ་བསྡད་དེ་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་ལྷམ་མེར་འཕྱུར་བཞིན་མཆིས།
འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི“གཅེས་སེམས་ཁྱིམ་ཚང”ཡིན་པ་དང་། ཕྲུ་གུ་རྣམས་ལ་ཁྱིམ་ཚང་གི་དྲོ་སྐྱིད་དང་གཉེན་ཉེའི་བརྩེ་བ་ཚོར་བ་བྱ་ཆེད། ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཁྱིམ་ཚང་གི་གསོ་སྐྱོང་བྱེད་སྟངས་སྤྱད་དེ་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་360གཅིག་སྡུད་ཐོག“གཅེས་སེམས་ཁྱིམ་ཚང”16ནང་གསོ་ཉར་བྱས་ཡོད། ཁྱིམ་ཚང་མི་རེ་ངོ་རེར“ཨ་མ”ཞིག་གིས་ཆེད་མངགས་འགན་འཁུར་གྱི་ཡོད་པ་དང་། ཕྲུ་གུ་རྣམས“ཨ་མའི”བྱམས་སྐྱོང་འོག་འཚར་ལོངས་ཡོང་བ་དང་ཕུ་ནུ་མིང་སྲིང་ཚོ་དང་འཚོ་བ་སྐྱེལ་རིང་ཕན་ཚུན་རོགས་རམ་བྱ་རྒྱུ་ཤེས་ཡོད།
ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་འཚོ་བའི་ཁུལ་གྱི་སྤྱི་ཤག་གི་སྟར་པ་དང་པོའི་ཚན་པ་དང་པོའི་ཐོག་སོ་དང་པོ་ནི་བློ་བཟང་སྒྲོལ་མའི་ཁྱིམ་ཚང་ཡིན། “ཨ་མའི”ཕྲུ་གུ་23ནང་ནས་ཆེ་ཤོས་དེ་ལོ་19སླེབས་པ་དང་ཆུང་ཤོས་དེ་ལོ་7ལ་སླེབས་ཀྱི་ཡོད། ཉེ་ཆར་གསར་འགོད་པས“ཨ་མ”བློ་བཟང་སྒྲོལ་མའི་ཁྱིམ་དུ་ཁྱིམ་ཚང་ཆེན་པོ་དེའི་གཞན་དང་མི་འདྲ་བའི་ལོ་གསར་གཏོང་སྟངས་ཤེས་རྟོགས་བྱེད་པར་བསྐྱོད་པ་ཡིན།
“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཨ་མ་ལགས་ཀྱིས་ང་ཚོ་འཁྲིད་ནས་ལོ་གསར་གྱི་ཉོ་ཆ་མང་པོ་བརྒྱབ་པ་དང་ཁྱིམ་གྱི་ཕུ་ནུ་མིང་སྲིང་ཚང་མར་གྱོན་གོས་གསར་པ་ཉོས་བྱུང་། ང་ཚོས་ད་དུང་མཉམ་དུ་དུ་འཕྱིད་གཙང་སྦྲ་བྱས་ནས་འཛིན་ཆས་ཚང་མ་བསྐྱར་དུ་བསྒྲིགས་པས་ཕར་ལྟ་དུས་གྲལ་སྟར་སྒྲིག་ལ་ལྟ་སྣང་དོད་པོ་ཞིག་ཆགས་སོང”ཞེས་ལོ་གསར་པའི་ཚོར་བ་ཤོད་སྐབས་ལྷོ་ཁར་མཐོ་འབྲིང་འགྲིམས་བཞིན་པའི་དཀོན་མཆོག་སྒྲོལ་མས་ལྷུག་པོར་བཤད།
བློ་བཟང་སྒྲོལ་མས་གསར་འགོད་པར་དཀོན་མཆོག་སྒྲོལ་མ་དགུན་གསེང་དང་དབྱར་གསེང་སྐབས་ནང་དུ་ལོག་ཁོམ་ཡོད་པ་དང་འདི་ལོའི་དགུན་གསེང་སྐབས་ལྷོ་ཁ་ནས་ཆེད་མངགས་ལོ་གསར་གྱི་ལག་རྟགས་དྲོད་སྲུང་པང་གདན་ཞིག་འཁུར་འདུག་ཅེས་བཤད།
ལོ་གསར་གྱི་ཉོ་ཆ་རྒྱག་པ་ཕུད། ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ལོ་ལྟར་མཉམ་སྤྲོའི་མཚན་ཚོགས་འཚོགས་ཀྱི་ཡོད་པ་དང་འདི་ལོ་བློ་བཟང་སྒྲོལ་མས་གར་སྟེགས་ཐོག་ལེ་ཚན་དམིགས་བསལ་ཞིག་འཁྲབ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཁོང་གིས“འཁྲབ་སྟོན་ཡག་པོ་བྱུང་མིན་གལ་ཆེན་པོ་མིན། ནང་མི་རྣམས་སྐྱིད་པོ་ཡོང་ མིན་དེ་གཙོ་བོ་རེད”ཅེས་བཤད།
ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཟླ་བ་བཞིན“གཅེས་སེམས་ཀྱི་ཁྱིམ་ཚང”ལ་འཚོ་བའི་འགྲོ་གྲོན་སྤྲོད་པ་དང་བློ་བཟང་སྒྲོལ་མའི་ཁྱིམ་དུ་ཁོང་དང་ཕྲུ་གུ་ཚོས་དངུལ་དེ་དག་ཇི་ལྟར་སྤྱོད་དགོས་མིན་གྲོས་བསྡུར་བྱེད་ཀྱི་ཡོད། ཁོང་གིས“མ་གཞི་བྱིས་པའི་ཕན་བདེ་ཁང་ལ་ཟ་ཁང་ཡོད་མོད། འོན་ཀྱང་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བ་བྱ་ཆེད། ངས་རྟག་ཏུ་ཚལ་ཉོས་ནས་ཕྲུ་གུ་རྣམས་ལ་ལྟོ་ཆས་བཟོ་བ་དང་ཕྲུ་གུ་ཁ་ཤས་ཀྱིས་སོ་སོས་ཚལ་བཟོ་ཤེས་ཀྱི་ཡོད”ཅེས་བཤད། ལོ་ལྟར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ཁོང་གིས་ཕྲུ་གུ་དང་མཉམ་དུ་ཕྱི་རུ་ཟ་ཁང་ནང་ལྟོ་ཆས་བཟའ་བར་འགྲོ་ཡི་ཡོད། ནམ་རྒྱུན་ཕྲུ་གུ་མང་པོ་ཞིག་སློབ་གྲྭར་བསྐྱོད་ཀྱི་ཡོད་པས་ལོ་གསར་གཏོང་སྐབས་གཞི་ནས་མཉམ་འཛོམས་ཡོང་གི་ཡོད་པ་དང་ཁྱིམ་མི་མཉམ་འཛོམས་ཀྱིས་ལྟོ་ཆས་ཟ་རྒྱུ་བྱུང་བ་དེ་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་བཤད།
ལོ་17ལ་སླེབས་པའི་བསོད་ཤེས་ཀྱིས་ད་ཆ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་འགྲིམས་ཀྱི་ཡོད་པ་དང་སང་ལོ་མཐོ་རྒྱུགས་གཏོང་མཁན་ཡིན་པའི་བསོད་ཤེས་ཀྱི་ལོ་གསར་པའི་འདུན་པ་ནི་སྨན་པ་ཞིག་བྱ་རྒྱུ་དེ་ཡིན། བསོད་ཤེས་ཀྱིས“ངའི་བསམ་པར་གསོ་རིག་སྦྱངས་ན་ཕན་ཐོགས་ཆེན་པོ་ཡོད་ཅིང་། དེས་ནང་མིའི་བདེ་ཐང་སྲུང་སྐྱོང་ཐུབ་པ་མ་ཟད། ནད་བཅོས་སྲོག་སྐྱོབ་བྱས་ཏེ་མི་དེ་བས་མང་བར་རོགས་རམ་བྱེད་ཐུབ”ཅེས་བཤད་མ་ཐག་འཁྲིས་སུ་ཡོད་པའི“ཨ་མ་ལགས”དང་ཕྲུ་གུ་ཚང་མ་དགའ་སྤྲོའི་འཛུམ་མདངས་འཕྱུར།