དབུ་ཤོག>གསར་འགྱུར།
  • ཟོལ་མེད་ཀྱི་བརྩེ་སེམས་བཅངས། རོགས་སྐྱོར་གྱི་གྲུབ་འབྲས་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-16

    ལོ་ངོ་20ལྷག་ཙམ་རིང་། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་སོ་སོས་ལྷག་བསམ་ཟོལ་མེད་བཅངས་ནས་གནའ་བོའི་ལྷ་ལྡན་གྲོང་ལ་ཡོང་སྟེ་མི་སེམས་འགུལ་བའི་བྱ་བ་མང་དག་ཅིག་བརྩམས་ཡོད།

    དེ་དང་ཆབས་ཅིག་ཁོ་ཚོའི་འཇུངས་པ་མེད་པའི་རོགས་སྐྱོར་ལས་ལྷ་ལྡན་གྲོང་ལ་ཨང་དང་པོ་མང་པོ་ཐོན་ཡོད་པ་སྟེ།

    བོད་ཀྱི་རེ་བའི་སློབ་ཆུང་དང་པོ་སྟེ། ལྷ་ས་ནན་ཅིང་རེ་བའི་སློབ་ཆུང་དང་།

    བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་ཁུལ་དང་པོ་སྟེ། སྟག་རྩེ་བཟོ་ལས་གླིང་།

    ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་བཞི་ཕན་ཚུན་མཉམ་གཤིབ་ངང་མྱུར་བགྲོད་ཐུབ་པའི་ལམ་དང་པོ་སྟེ་ཅང་སུའུ་ལམ།

    ལྷ་ས་གྲོང་ཁྱེར་གྱི་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཚད་ལྡན་སྒོ་བསྟེན་སྨན་ཁང་དང་པོ་སྟེ། གྲྭ་བཞི་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།

    བོད་ཀྱི་སྦགས་བཙོག་ལ་རྒྱང་རིང་ནས་རང་འགུལ་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་གཙོ་བོ་དང་པོ་དང་། བོད་ཀྱི་ཉེན་ཡོད་ཟོག་རོ་གཙང་སེལ་ལྟེ་གནས་སོགས་མང་དག་ཅིག་ཡོད།

    གོང་གསལ་གྱི་རོགས་སྐྱོར་བྱས་ནས་བསྐྲུན་པའི་ཨང་དང་པོ་དེ་དག་ནི་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ནང་གི་ཆ་ཤས་ཙམ་ཞིག་ཡིན། ལོ་20ལྷག་ཙམ་རིང“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་གཏན་བརྗེ་རེས”ཀྱི་ཀྲུང་དབྱང་གི་བོད་སྐྱོར་ལས་ཀའི་བླང་བྱ་ལྟར་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ལྷ་ས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་སྡེ་ཚན་ལ་ཁ་གཏད་རོགས་སྐྱོར་དང་། ནན་ཅིང་གྲོང་ཁྱེར་དང་། ཅང་སུའུ་གྲོང་ཁྱེར། ཀྲེན་ཅང་གྲོང་ཁྱེར། ཐའེ་ཀྲོའུ་གྲོང་ཁྱེར་བཅས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་མལ་གྲོ་གུང་དཀར་དང་། ལྷུན་གྲུབ། སྟག་རྩེ། ཆུ་ཤུར་བཅས་རྫོང་སོ་སོར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་ལ་ཕབ་སྟེ་ཞིང་ཆེན་དེ་ཡོངས་ཀྱི་གོང་འོག་ཚང་མར“ལས་བགོས་མཐུན་སྦྱོར་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”ཀྱི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་ཞིག་ཆགས་པ་བྱས་ཡོད།

    ཟོལ་མེད་བོད་སྐྱོར་བྱས། མཛའ་མཐུན་ལྷག་པར་ཟབ།

    བོད་སྐྱོར་ལས་བྱེད་པ་ཁག་སོ་སོས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་བརྩེ་སེམས་ཟབ་པའི་མཛའ་མཐུན་གྱི་འཆིང་ཐག་སྦྲེལ་ནས་སྙན་པར་གྲགས་པའི་གླུ་དབྱངས་ཤིག་བརྩམས།

    གངས་ལྗོངས་ས་མཐོར་ཀྲོའུ་ཀོང་ཀྲིའི་སྐོར་གླེང་མ་ཐག་མི་ཤེས་མཁན་གཅིག་ཀྱང་མེད། ཁོང་ནི་མང་ཚོགས་ཀྱི་སེམས་ནང་གཉེན་ཉེ་ལྟ་བུར་བརྩི་བ་དང་དུས་རབས་གསར་པའི་ལས་བྱེད་པའི་མིག་དཔེ་ཡིན།

    ཀྲོའུ་ཀོང་ཀྲི་ནི་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་ལྔ་པ་དང་དྲུག་པའི་ལས་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུད་ཀྱི་རྒྱུན་ཨུ། ཆུ་ཤུར་རྫོང་གི་དེ་སྔའི་ཧྲུའུ་ཅི་ཡིན། ཁོང་གི་སྔོན་ཐོན་བྱས་རྗེས་སྐྱེ་བོ་ཀུན་གྱིས་མ་ཤེས་པ་མེད།

    ཀྲོའུ་ཀྲོང་ཀྲིས“ཆུ་ཤུར་རྫོང་དེ་རང་ཉིད་ཀྱི་ཁྱིམ་དང་ཆུ་ཤུར་གྱི་ལས་བྱེད་པ་རྣམས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ན། ས་ཆ་དེར་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ཐུབ་པ་དང་ལས་ཀ་བྱེད་སྐབས་བརྟེན་ས་ཡོད་ལ་བྱེད་རིན་ཡང་ཡོད”ཅེས་རྟག་ཏུ་ཤོད་ཀྱི་ཡོད།

    ལོ་20ལྷག་ཙམ་རིང་། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་བསྡོམས་འབོར་གྱི་70%ཡན་དམངས་འཚོའི་རྣམ་གྲངས་ཐོག་སྤྱད་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནད་སྡོད་པུའུ་དང་། ལྷ་ས་གྲོང་ཁྱེར་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་། ལྷ་ས་ཅང་སུའུ་སློབ་འབྲིང་རྒྱས་སྐྲུན། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སོགས་དམངས་ཕན་འདུ་འགོད་ཀྱི་རྣམ་གྲངས་ཇི་སྙེད་ཅིག་སྔ་རྗེས་སུ་བསྐྲུན་པ་མ་ཟད། མ་དངུལ་བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། གྲོང་ཚོའི་བཀོད་པ་བཅོས་སྒྲིག གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་རིམ་སྤོར། ཞིང་ལས་ཀྱི་སྒྲིག་བཀོད་ཡར་རྒྱས། རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་བྱས་ཡོད།

    ལུགས་མཐུན་གྱི་བོད་སྐྱོར་བྱས། འཕེལ་རྒྱས་ཀྱི་ལམ་བུ་ཡངས།

    “བོད་སྐྱོར་བྱ་རྒྱུ་ནི་དངུལ་དང་མི་གཏོང་བ་ཙམ་མིན་པར་ཚན་རིག་དང་མཐུན་རྒྱུར་ཡིད་འཇོག་བྱེད་དགོས”ཅང་སུའུ་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་བོད་སྐྱོར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པའི་ཁར“གཞན་བརྟེན”ནས“རང་བརྟེན”ལ་བསྒྱུར་བར་འབད་བརྩོན་གྱིས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བྱས་ཡོད།

    ལོ་20ལྷག་ཙམ་རིང་། ཅང་སུའུ་ཞིང་ཆེན་གྱིས་ཚན་སློབ་ཞིང་ཆེན་ཆེན་པོའི་ལེགས་ཆར་བརྟེན་ནས་རིག་སྟོབས་རོགས་སྐྱོར་གྱི་ལས་སྟེགས་ཧུར་ཐག་བསྐྲུན་པའི་ཁར་ཤེས་ལྡན་པ་གསོ་སྦྱོང་བྱས་པ་དེས་ཅང་སུའུ་ཡི་སྔོན་ཐོན་གྱི་འཕེལ་རྒྱས་བསམ་བློ་གཏོང་སྟངས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཁྱབ་པར་བྱས་ཤིང་། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་དང་སློབ་ཆེན་ཐོན་པའི་གྲོང་དཔོན་1000ལྷག་ཙམ་ཅང་སུའུ་ལ་རྟོག་ཞིབ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་བཏང་ཡོད།

    རྒྱུན་བསྲིང་བོད་སྐྱོར་བྱས། གྲུབ་འབྲས་འོད་སྟོང་འབར།

    ལས་གཉེར་མ་ཐུབ་པར་རྡིབ་ལ་ཉེ་བའི་སྒོ་བསྟེན་སྨན་ཁང་ཆུང་ཆུང་དེ་རིམ་པ་གསུམ་པའི་ཁ་པ་རིམ་པའི་སྨན་ཁང་ལ་འཕེལ་རྒྱས་བྱུང་བར་ལོ་ག་ཚོད་འགོར་ཡོད་དམ་ཞེ་ན། ལོ་20འགོར་ཡོད།

    དེ་སྔོན“རྐུབ་རྡིབ་རྒྱུ”ཡིན་པའི་སྨན་ཁང་དེ་ད་ཆ་རིམ་པ་གསུམ་པའི་ཁ་པ་རིམ་པའི་སྨན་ཁང་དུ་གྱུར་པར་དཀའ་ངལ་ཅི་ཙམ་འཕྲད་པ་ཀུན་གྱིས་གསལ་པོ་ཤེས་ཐབས་བྲལ།བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་སྐལ་གཡང་སྨན་ཁང་ལ་ཐོག་མར་སླེབས་སྐབས་ཅང་སུའུ་ནས་བོད་སྐྱོར་བྱེད་པར་བཏང་བའི་སྨན་ཁང་གི་ཡོན་ཀྲང་དང་པོ་ཝན་རུའེ་ཀེ་སླེབས་པ་དང་འཁེལ། སྐལ་གཡང་གི་བག་ཆགས་ནང་ཝན་ཡོན་ཀྲང་ནི་བྱམས་བརྩེ་ཆེ་ལ་ལས་ཀར་དགའ་བའི་མི་ཞིག་ཡིན། ཡོན་ཀྲང་ཐོག་མར་སླེབས་སྐབས་ཚང་མས་རེ་བ་དེ་ཙམ་ཆེན་པོ་བྱས་མེད་ནའང་མཐར་ཁོང་གིས་སྨན་ཁང་དཀའ་གནད་ལས་གྲོལ་ཡོད།

    རྣམ་གྲངས་བརྩོན་ལེན་དང་། མ་དངུལ་གྲབས་གསོག་བྱེད་པ། མཁྲེགས་ཆས་སྒྲིག་བཀོད་ཡག་ཏུ་གཏོང་བ། ཤེས་ལྡན་པ་གདན་འདྲེན་ཞུ་བ། དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་པ་བརྒྱུད“རྐུབ་རྡིབ་ལ་ཉེ་བའི”སྨན་ཁང་དེ་རིམ་པས་ལས་གཉེར་རྒྱུན་གཏན་བཞིན་བྱུང་ཡོད།

    བོད་སྐྱོར་བྱེད་པའི་ལོ་20རིང་། སྔ་རྗེས་སུ་ཡོན་ཀྲང་7དང་རྐང་འཛིན་སྨན་བཅོས་ནད་སྐྱོང་བ་གྲངས་ལས་འདས་པ་བྱུང་བ་དེ་དག་གིས་སྨན་ཁང་ལ་བྱ་བ་གང་ཞིག་བསྒྲུབས་ཡོད་དམ་ཞེ་ན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཁོང་ཚོའི་བྱས་རྗེས་དཔང་རྟགས་ཐུབ་པ་འཚོལ་དཀའ་ནའང་སྒོ་བསྟེན་པུའུ་གསར་རྒྱག་བྱས་པ་དང་སྨན་རྩལ་ཐོག་བརྩེགས་ཁང་ཆེན་ཡང་སྤྱོད་འགོ་ཚུགས་ནས་ཉིན་ལྟར་ན་ཚ་ལྟ་མཁན་ནད་པ་མང་པོར་ནད་དཔྱད་བྱེད་བཞིན་པ་མཐོང་རྒྱུ་ཙམ་ལས་མ་འདས།

    “ང་ཚོ་ནི་རྒྱུན་འཛིན་པ་ཡིན་པས་བོད་སྐྱོར་གྱི་རྒྱུག་མཐུད་དབྱུག་པ་མི་གཅིག་ནས་གཅིག་ལ་བརྒྱུད་སྤྲོད་བྱ་རྒྱུ་ཡིན”ཞེས་སྨན་ཁང་གི་གཞུང་ལས་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཅང་སུའུ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཁྲེན་ཝེ་ཁྲང་གིས་དེ་ལྟར་བཤད།

    དེ་རང་རེད། བོད་སྐྱོར་ཁག་བགོས་ནས་བྱས་ནའང་བོད་སྐྱོར་ལས་བྱེད་པ་ཚང་མ་ཐོག་མཐའ་བར་གསུམ་དུ་འབྲལ་མེད་གཅིག་མཐུན་ཞིག་ཡིན། དེ་ལྟའི་དབང་གིས་གཅིག་སོང་གཅིག་ཡོང་ངང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ད་ཆའི་འོད་སྟོང་འབར་བའི་གྲུབ་འབྲས་དེ་བྱུང་ངོ་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།