ཉེ་བའི་ལོ་ཤས་རིང་། ཧུའུ་ནན་གྱི་བོད་སྐྱོར་ལས་དོན་ཐད“བོད་སྐྱོར་བྱེད་པར་སྔོན་ལ་སློབ་གསོར་རོགས་སྐྱོར་བྱེད་པ”དང“བོད་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་ཀྱིས་རོགས་སྐྱོར་བྱེད་པའི”འདུ་ཤེས་ཟབ་ཏུ་བཏང་སྟེ། རིག་སྟོབས་ཀྱི་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་། ཤེས་ལྡན་མི་སྣའི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ས་གནས་དེ་གའི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ལྷོ་ཁ་ས་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཚན་སློབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད་པས། གསར་འགོད་པས་ལྷོ་ཁ་ས་ཨུད་ཀྱི་ཨུ་ཡོན་དང་། སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གཞོན་པ། ཧུའུ་ནན་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་ཁྲིད་པ་བཅས་ཡིན་པའི་པུའུ་ཅན་ཚའེ་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།
པུའུ་ཅན་ཚའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཕུལ་བྱུང་ཤེས་ལྡན་མི་སྣ་འདེམས་གཏོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལེགས་འདེམས་ལེགས་གཏོང་གི་རྩ་དོན་ལ་གཞིགས་ནས། དུས་བཀག་རང་བཞིན་དང་རྒྱུན་གཏན་ཅན་གྱི་ཐོག་ནས་རོགས་སྐྱོར་བྱ་ཡུལ་ལ་བཅའ་སྡོད་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་མངགས་གཏོང་བྱས་པ་དང་། ཉེ་བའི་ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱིས་ཁག་གཉིས་ལ་ཕྱེ་ནས་ཁྱོན་ལས་བྱེད་པ་96ཡུན་རིང་བོད་དུ་ལས་ཀ་བྱེད་པར་བཏང་བ་དང་། ཆེད་ལས་ལག་རྩལ་མི་སྣ་149ཡུན་ཐུང་རོགས་སྐྱོར་ལ་བཏང་ཡོད་ཅེས་བཤད།
པུའུ་ཅན་ཚའེ་ཡིས་བཤད་དོན། 2002ལོ་ནས་བཟུང་། ལོ་ལྟར་བོད་སྐྱོར་མ་དངུལ་ཁྲོད་ནས་ཤེས་ལྡན་མི་སྣའི་རིག་སྟོབས་གསོ་སྦྱོང་གི་ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི་100བཏང་བ་དང་། ན་ནིང་ནས་བཟུང་ལོ་རེར་སྒོར་ཁྲི་400བར་མང་དུ་བཏང་བ་དེ་དག་ལྷོ་ཁ་ས་ཁུལ་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ། ཕུལ་བྱུང་སྣེ་ཁྲིད་ཤེས་ལྡན་མི་སྣ་བཅས་གནས་སྦྱར་སྦྱོང་བརྡར་དང་ལས་སྒོ་ཟབ་སྦྱོང་བྱ་རྒྱུའི་ཐད་སྤྱད་པ་དང་། མིག་སྔར་རིམ་རྩིས་བྱས་ན་མི་ཐེངས་4000ལྷག་ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
པུའུ་ཅན་ཚའེ་ཡིས་ད་དུང་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་གྱིས་ལོ་རེར་ཞིང་ཆེན་ནང་ཁུལ་གྱི་དགེ་རྒན་ལྷོ་ཁ་ས་ཁུལ་དུ་འགན་གནས་འཁུར་བའམ་ཡང་ན་སློབ་གསོར་རྒྱབ་སྐྱོར་བྱེད་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་བོད་དུ་ཡུན་ཐུང་སློབ་ཁྲིད་དང་ཁྲིད་སྟོན་བྱེད་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཡོད། “ནང་སའི་བོད་ལྗོངས་འཛིན་གྲྭར”རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འཛིན་གྲྭ་གཉེར་བའི་ཆེད་དོན་འགྲོ་གྲོན་སྒོར་ཁྲི་600བར་མང་དུ་བཏང་ཞིང་། རིམ་རྩིས་བྱས་ན། མིག་སྔར་འཛིན་གྲྭ་བརྒྱ་ལྷག་ཙམ་གཉེར་ཡོད། རང་སྐྱོང་ལྗོངས་སུ་ལྷོ་ཁ་ས་ཁུལ་དུ་སྔོན་ལ་གཞི་རྩའི“ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཁྱབ་གདལ་གཏོང་བའི”དམིགས་ཚད་མངོན་འགྱུར་བྱུང་བ་དང་། འབྲིང་རིམ་ལས་རིགས་སློབ་གསོ་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
“སླད་ཕྱིན། ཧུའུ་ནན་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ནས། བློ་གཅིག་སེམས་གཅིག་དང་ཡང་འབད་བསྐྱར་འབད་ཀྱིས་རྒྱུན་རྣམ་གསར་པའི་འོག་གི་ཧུའུ་ནན་བོད་སྐྱོར་གྱི་ལེའུ་གསར་པ་ཞིག་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་པུའུ་ཅན་ཚའེ་ཡིས་བཤད།