
འདི་ནི་ཝང་ཅན་ཝུན(གཡོན་གྱི་གཉིས་པ)གྱིས་རུ་སྣེ་ཁྲིད་དེ་མགོ་ལག་ཤང་མུ་སྤེལ་གྲོང་ཚོར་རྟོག་ཞིབ་བྱེད་པར་སྐྱོད་པའི་གནས་ཚུལ་ཡིན་པ།
ཁོང་གིས་རྒྱལ་མོ་རྔུལ་ཆུའི་གཙང་འགྲམ་གྱི་གྲོང་ཚོ་དབུལ་པོར་ཕར་འགྲོ་ཚུར་འོང་ཐེངས་དྲུག་བྱས་ནས་མི་འབོར་དབུལ་པོའི་དབུལ་སྒྲོལ་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། ཁོང་གིས་བོད་རིགས་དྭ་ཕྲུག་རང་ཉིད་ཀྱི་བུ་ཕྲུག་ལྟ་བུར་བརྩི་བ་དང་སོ་སོའི་ཕྲུ་གུ་བོད་དུ་མཐའ་སྲུང་རྒྱལ་སྲུང་བྱེད་པར་བཏང་ཞིང་། ཁོང་གིས་མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུ་དེ་བླ་ན་མེད་པའི་ལས་འགན་དུ་བརྩི་བ་དང“མཐའ་སྐྱོང་བོད་བརྟན”གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་བོད་སྐྱོར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་།
ཁོང་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་ནང་གི་ཝང་ཅན་ཝུན་ཡིན་ཞིང་། ལོ་གཉིས་ལྷག་ཙམ་རིང་ཝང་ཅན་ཝུན་གྱིས་གཞི་རིམ་དུ་བསྐྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། བོད་སྐྱོར་ལས་དོན་གཟེངས་སུ་ཐོན་པ་བཅས་བྱས་སྟབས་རོགས་སྐྱོར་དང་ལེན་བྱེད་མཁན་གྲོང་ཁྱེར་དང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད།
ལ་བརྒྱབ་ཀླུང་བརྒལ་དང་རི་གྲོང་དུ་བསྐྱོད་ནས་བདེ་སྡུག་དྲི་བ།
2013ལོའི་ཟླ་7པར་ལོ་44ལ་སླེབས་པའི་ཝང་ཅན་ཝུན་གྱིས་རང་མོས་ངང་མིང་ཐོ་བཀོད་དེ་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས་རྫ་ཡུལ་རྫོང་གི་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བྱས། ཝང་ཅན་ཝུན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཆེས་མདུན་གྲས་ཡིན་པའི་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་ནས་རྗེས་ལུས་སྒོ་རྒྱག་གི་གངས་ལྗོངས་མཐའ་མཚམས་སུ་ཡོང་ཞིང་། ས་ཐག་རིང་བའི་རི་གྲོང་དུ་ཡང་ཡང་བསྐྱོད་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་ཤེས་རྟོགས་བྱས།
2014ལོའི་ཟླ་བཅུ་གཅིག་པར་ཝང་ཅན་ཝུན་གྱིས་མགོ་ལག་ཤང་གི་ཚྭ་ཁུངས་དང་། མུ་སྤེལ། བརྒལ་པ་བཅས་གཞུང་ལམ་ཤར་གཏོང་མི་ཐུབ་པའི་གྲོང་ཚོ་གསུམ་དུ་མང་ཚོགས་ཀྱི་འཚོ་བར་བརྟག་དཔྱད་བྱེད་པར་བསྐྱོད། ལོ་གཉིས་ལྷག་ཙམ་རིང་རྫ་ཡུལ་རྫོང་གི་ཤང་གྲོང་ཚང་མ་དང་། གྲོང་ཚོ་70%ཡན། དེ་བཞིན་རྫོང་ཡོངས་ཀྱི་མཐའ་སྲུང་ལན་དང་རུ་ཁག་ཚང་མར་ཝང་ཅན་ཝུན་གྱི་རྐང་རྗེས་བཞག་ཡོད།
མཐའ་མཚམས་ལ་བརྩེ་སེམས་འཆང་བ་དང་ཕྲུ་གུ་མཐའ་མཚམས་སྲུང་བར་བཏང་ནས་བོད་དང་ནང་སའི་དབར་གྱི་འབྲེལ་བ་ཟབ་མོ་བཙུགས་པ།
2013ལོར་བོད་དུ་བསྐྱོད་རྗེས་ཝང་ཅན་ཝུན་སོགས་བོད་སྐྱོད་ལས་བྱེད་པ་གསུམ་ལ་བར་ཆད་འཕྲད་པའི་བོད་རིགས་བུ་མོ་གསུམ་འཕྲད། གཡང་ཆོས་སྒྲོན—1999ལོར་ཕ་མ་གཉིས་སྔ་རྗེས་སུ་གྲོངས་པ་དང་ལྷན་སྐྱེས་རང་བཞིན་གྱིས་རྣ་བ་གཡས་པ་རྦད་དེ་འོན་པ་ཡིན་པ། ཕུར་བུ་སྒྲོལ་མ— བཙས་ནས་ཟླ་བརྒྱད་ལ་སླེབས་སྐབས་ཁྱིམ་དུ་མེ་ཤོར་ནས་ངོ་གདོང་དང་མཇིང་པར་ཚིག་སྐྱོན་ཚབས་ཆེན་ཕོག་པ་དང་སྨན་ཡོན་མེད་སྟབས་རྨ་ཤུལ་ཆེན་པོ་ཞིག་ལུས་པ། བྱམས་པ་སྒྲོལ་མའི་སྐྱེད་མ་ཆུང་དུས་ནས་གྲོངས་པ་དང་2012ལོའི་བོད་ཀྱི་ལོ་གསར་རིང་འཁོར་འཛོལ་ཞིག་ནང་འཕང་རུས་ཆག
“ང་ཚོར་ཡང་ཕྲུ་གུ་ཡོད། ཕྲུ་གུ་གསུམ་པོ་དེ་དག་སྨན་བཅོས་མ་བྱས་ན་ག་ནས་འགྲིག”ཅེས་བཤད་ནས་ཝང་ཅན་ཝུན་གྱིས་བོད་རིགས་བུ་མོ་གསུམ་པོ་ཧྲེན་ཀྲེན་དུ་སྨན་བཅོས་བྱེད་པར་ཁྲིད་རྒྱུའི་བསམ་ཚུལ་དེ་ཧྲེན་ཀྲེན་གྱི་འབྲེལ་ཡོད་སྡེ་ཚན་ལ་ཞུས་པ་དང་། ཆེད་མངགས་ཧྲེན་ཀྲེན་གྱི་བྱང་སེམས་ཆེ་བའི་སྦྱིན་བདག་ཡེ་ཝུའེ་ཞུང་གདན་འདྲེན་ཞུས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་མཉམ་དུ་སྨན་བཅོས་བྱས།
ལོ་གཉིས་ལྷག་ཙམ་རིང་། ཝང་ཅན་ཝུན་གྱིས་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་དམིགས་བསལ་ཁུལ་གྱི་མི་དམངས་ཀྱིས་གངས་ལྗོངས་ས་མཐོར་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ནས་བོད་དང་ནང་སའི་དབར་ཤ་རུས་འདྲེས་པ་ལྟ་བུའི་སྦྲེལ་ཟམ་བསྐྲུན།
ལོ་གཉིས་ལྷག་ཙམ་རིང་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་མི་སེར་གཉེན་ཉེ་ལྟ་བུར་བརྩིས་ནས་བརྩེ་སེམས་འཆང་བ་དང་། ཝང་ཅན་ཝུན་གྱིས་རང་ཉིད་ཀྱི་ཕྲུ་གུ་བོད་ཀྱི་མཐའ་མཚམས་འཐབ་ཕྱོགས་དང་པོར་རྒྱལ་སྲུང་བྱེད་པར་མངགས། ཕྲུ་གུ་ཉིན་རེ་བཞིན་འཚར་ལོང་ཡག་པོ་བྱུང་བ་མཐོང་སྐབས་ཐོག་མར་བསམ་ཤེས་མི་ཐུབ་པའི་བཟའ་ཟླ་ཡང་རིམ་བཞིན་བློ་མགུ་པོ་བྱུང་།
དམངས་སེམས་གཅིག་སྒྲིལ་དང“མཐའ་སྐྱོང་བོད་བརྟན”ཐོག་ནས་བོད་སྐྱོར་ལས་དོན་གསར་གཏོད་བྱེད་པ།
ལོ་གཉིས་ལྷག་ཙམ་རིང་། ཝང་ཅན་ཝུན་གྱིས་བོད་སྐྱོར་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་རྫ་ཡུལ་རྫོང་གི་དོན་དངོས་དང་ཟུང་འབྲེལདམ་ཟབ་བྱས་ཏེ་དམངས་ཀྱི་བློ་གྲོས་གཅིག་ཏུ་སྒྲིལ་བ་དང“མཐའ་སྐྱོང་བོད་བརྟན”གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་བོད་སྐྱོར་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་སྟེ།
—— ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུར་དམིགས་ནས་བོད་སྐྱོར་མ་དངུལ་རིག་རྩལ་འདུ་འགོད་དུ་ཐེངས་དང་པོ་ཁྱབ་པ་བྱེད་པ། ཝང་ཅན་ཝུན་གྱིས་རང་རྒྱལ་གྱི་མཐའ་མཚམས་རྫོང་ཡིན་པའི་རྫ་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་རིང་ལུས་ངག་ཡིད་གསུམ་ཕུལ་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་447ཁག་ལྔ་རུ་དུར་འཇུག་བྱས་ཡོད་པ་དང་བང་སོར་ལོ་མང་ཉམས་གསོ་བྱུང་མེད་པར་བརྟེན་བང་སོའི་རྡོ་རིང་དང་བང་སོ་ཧྲིལ་པོར་གཏོར་སྐྱོན་ཚབས་ཆེན་ཕོག་ནས་མི་རབས་རྗེས་མར་སློབ་གསོ་གཏོང་བའི་ནུས་པ་འདོན་ཐབས་བྲལ་བ་ཤེས་པ་རེད།
ཝང་ཅན་ཝུན་གྱིས་ཕྱོགས་མང་པོ་ནས་བརྩོན་ལེན་བྱས་ཏེ་ཧྲེན་ཀྲེན་གྲོང་ཁྱེར་ལུང་ཧྭ་ཁུལ་གསར་གྱིས་མ་དངུལ་སྒོར་ཁྲི་4300ལྷག་ཙམ་བཏང་ནས་དཔའ་བོའི་དྲན་གསོའི་ལྡུམ་ར་འཛུགས་སྐྲུན་བྱས་པ་རེད། རྣམ་གྲངས་དེ་ནི་2014ལོའི་ཟླ་9པར་ལས་འགོ་བཙུགས་པ་དང་2015ལོའི“སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར”སྒོ་ཕྱེ་བ་རེད།
——མཐའ་བརྟན་དམངས་བདེར་དམིགས་ཏེ་བོད་སྐྱོར་མ་དངུལ་དམངས་འཚོ་ལེགས་སུ་གཏོང་རྒྱུར་གཏོང་བ། དགུན་དུས་སུ་གསར་འགོད་པ་རྫ་ཡུལ་རོང་སྟོད་གྲོང་རྡལ་སྒོང་སྐོག་གྲོང་ཚོའི་ཉེ་འགྲམ་གྱི་གདོད་མའི་ནགས་ཚལ་གྱིས་བརྒྱན་པའི་མུ་སྤེལ་གྲོང་ཚོར་འབྱོར་སྐབས། མང་ཚོགས་ཀྱི་སྡོད་ཁང་30གྲལ་འགྲིག་པོ་ཡོད་པ་མཐོང་བྱུང་། དེ་གའི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། གནམ་གཤིས་ལེགས་པ། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ན་ནིང་ཟླ་5པར་མུ་སྤེལ་གྲོང་ཚོ་ཧྲིལ་པོ་དེ་གར་སྤོས་པ་དང་གྲོང་ཚོ་ཡོངས་སུ་གྲོང་མི་200ཙམ་དང་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་དེ་སྔའི་མུའུ་0.8ནས་ལོ་རེར་བསྡུ་ཐེངས་གཉིས་ཡོད་པའི་རྨོ་ཞིང་མུའུ་2བར་ཆེ་རུ་ཕྱིན་ནས་འཚོ་གནས་ཀྱི་ཁོར་ཡུག་ཡོངས་སུ་འགྱུར་ལྡོག་ཕྱིན་པ་རེད།
—— ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་དམིགས་ཏེ་བོད་སྐྱོར་མ་དངུལ་གྱིས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རྫ་ཡུལ་གྱི་གནམ་གཤིས་ལེགས་རུང་སྲོལ་རྒྱུན་ཞིང་འབྲོག་ལས་ཀྱིས་གཙོ་བོ་བྱེད་པ་དང་ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ཆ་སྙོམས་ཆུ་ཚད་ལས་སྒོར་3000ཙམ་གྱིས་ཉུང་བ་ཡོད།
རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལྗིད་རྫོབ་ཆེ་ལ་ཁ་ཚ་དགོས་གཏུགས་ལས་འགན་གྱི་མདུན་དུ་ཝང་ཅན་ཝུན་སོགས་ཀྱིས་རྟོག་ཞིབ་གཏིང་ཟབ་བྱེད་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་དེ་ཁག་བདུན་པའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.7གྱི་90%ཡན་ཞིང་འབྲོག་ཁུལ་ལ་བཏང་ནས་གྲོང་རྡལ་ཆུང་ངུ་4སྒྱུར་བཀོད་དང་། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་8 ཐོན་ལས་རོགས་སྐྱོར་དེ་བཞིན་དམངས་འཚོའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་སོགས་ལ་སྤྱད་དེ་ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་ལ་སྐུལ་མ་གཏོང་གི་ཡོད།