ཉིན་ཤས་གོང་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ཀྱི་རྟོག་ཞིབ་ཚོགས་པ་དང་བཅས་པས་མལ་གྲོ་གུང་དཀར་རྫོང་དུ་བོད་སྐྱོར་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་དང་། བོད་སྐྱོར་ལས་བྱེད་པར་འཚམས་འདྲི། ས་གནས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་སྤེལ་རེས། དེ་བཞིན་ལས་དོན་སྤེལ་ཚུལ་རྟོག་ཞིབ་བཅས་བྱས་པ་རེད།
འཐུས་མི་ཚོགས་པ་དང་བཅས་པས་གོང་རྩེ་ཁུལ་གསར་དུ་འཛུགས་སྐྲུན་བྱས་ཚུལ་ཤེས་རྟོགས་དང་རྫོང་སྤྱི་བདེ་ཅུས་སུ་འཐབ་ཕྱོགས་དང་པོར་ཡོད་པའི་བཀོད་འདོམས་པུའི་ལས་དོན་པར་འཚམས་འདྲི་བྱེད་པར་སླེབས་པ་དང་འབྲེལ་དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ནན་ཅིང་གིས་མལ་གྲོ་གུང་དཀར་རྫོང་ལ་ལོ་ཉི་ཤུའི་རིང་བོད་སྐྱོར་ལས་དོན་སྤེལ་བར་ཐོབ་པའི་གྲུབ་འབྲས་དང་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་གཙོ། སློབ་གསོ། འཕྲོད་བསྟེན་སོགས་ཐད་ཀྱི་འཕོ་འགྱུར་ཤེས་རྟོགས་ཞིབ་ཕྲ་ཡང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་སྲིད་གཞུང་། ལྷ་ས་གྲོང་ཨུད། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་དང་། ཅང་སུའུ་ཞིང་ཆེན་དང་ནན་ཅིང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་ཤུགས་ཆེའི་རོགས་སྐྱོར། སྐབས་རིམ་བྱུང་གི་བོད་སྐྱོར་ལས་བྱེད་པ་དང་རྫོང་་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་མལ་གྲོ་གུང་དཀར་རྫོང་གིས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད། མིག་སྔར་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་འཕར་བ་བྱ་རྒྱུ་དེ་སྔར་བཞིན་མ་འཇོག་ལ་བརྟེན་དགོས་ཀྱི་ཡོད། དེས་ན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མ་འཇོག་ནུས་ལྡན་བྱེད་རྒྱ་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་སྟེ། གཅིག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། འདི་ལོ་རྫོང་དེ་ཡོངས་ཀྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་122ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་91.43བཏང་བའི་ནང་གསར་འཛུགས་རྣམ་གྲངས་97ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་89.1བཏང་བ་དང་མཐུད་འཛུགས་རྣམ་གྲངས་25ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.33བཏང་ཡོད། གཉིས་ནས་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། 2008ལོ་ནས་ད་བར་གོང་རྩེ་ཁུལ་གསར་འཛུགས་སྐྲུན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་7.5བཏང་བའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.6བཏང་བ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.6བཏང་བ། སྒོར་དུང་ཕྱུར་3.66རང་གྲབས་བྱས་པ། ལྷ་ས་གྲོང་ཁྱེར་དང་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་6852བཅས་བཏང་ཡོད་པ་རེད།
ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་དང་བཅས་པས་ལོ་ཉི་ཤུའི་རིང་ཟོལ་མེད་ངང་འགྲོ་འོང་བྱས་པ་བརྒྱུད་ཅང་ཉིང་ཆུས་དང་མལ་གྲོ་གུང་དཀར་རྫོང་དབར་གྱི་བརྩེ་དུང་ཟབ་ཏུ་སོང་བ་དང་ས་གཞི་དེའི་ཐོག་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས་སེམས་གཏིང་ནས་དགའ་པོ་བྱུང་ཞེས་བཤད་པ་དང་འབྲེལ་མལ་གྲོ་གུང་དཀར་རྫོང་ལ་ཞལ་འདེབས་སྒོར་ཁྲི་50བརྒྱབ་པ་རེད།