དུ་ཕྱག་ཅེས་པ་ནི།
ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཡོལ་རྗེས་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་དབུས་ཕྱོགས་སུ་ལོ་གསར་གྱི་དུ་ཕྱག་ཅེས་དུ་ཚེས་ཀྱི་སྟབས་དང་བསྟུན་ནས་གཙང་སྦྲ་གད་བདར་གྲ་རྒྱས་བྱས་ཏེ་ལོ་གཅིག་གི་རིང་གསོག་ཐེབས་པའི་དུ་བ་སོགས་གད་སྙིགས་རྣམས་གཙང་མ་འཕྱགས་རྗེས་དུ་རལ་གྱི་གཡུང་དྲུང་ཞིག་ལམ་གསུམ་མདོར་བྲིས། ཐབ་ཚང་གི་གདུང་མ་དང་གྱང་ལྡེབས་སུ་བཀྲ་ཤིས་མཚོན་བྱེད་དཀར་རྟགས་རྒྱག་པ་སོགས་བྱེད་སྲོལ་ཡོད་ཅེས་དུང་དཀར་ཚིག་མཛོད་དུ་གསལ་བ་ལྟར་དང་། དོན་དུ་དུ་བ་ཕྱག་པ་ཞེས་ལོ་གཅིག་རིང་གསོག་ཐེབས་པའི་གད་སྙིགས་མཐའ་དག་གཙང་མར་ཕྱགས་ཏེ་ཁང་པའི་ཕྱི་ནང་ཡོངས་ལ་གཙང་སྦྲ་འཕྲོད་བསྟེན་ལེགས་པར་བྱེད་པའི་དོན་ཡིན་ཞིང་། དེ་ཡང་སྔ་མའི་ཁང་པའི་ཀ་གདུང་ལྕམ་སོགས་ལ་དུ་དྲེག་ཤིན་ཏུ་མང་བ་གཙང་ཕྱག་བྱེད་དགོས་པའི་དོན་གྱིས་དུ་ཕྱག་ཅེས་པའི་བརྡ་ཆད་སྦྱར་བར་སེམས།
དུ་ཚེས་ནི།
བོད་ཀྱི་ལོ་ཐོ་གཞིར་བཟུང་བོད་ཟླ་བཅུ་གཉིས་པའི་མཇུག་ཏུ་དུ་བ་ཕྱག་རུང་བའམ་གཙང་སྦྲ་བྱ་རུང་བའི་ཚེས་གྲངས་དག་ལ་དུ་ཚེས་ཞེས་བརྗོད་པ་ཡིན་ནོ།
གནམ་ལོ་མེ་སྤྲེལ་ལོའི་ལོ་གསར་གོང་གི་དུ་ཚེས་ནི་གཤམ་གསལ་ལྟར་ཏེ།
བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་སྟེ་སྤྱི་ཚེས་24རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་བཅུ་གཅིག་དང་།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཏེ་སྤྱི་ཚེས་31རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་བཅུ་གཅིག་པ།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་སྟེ་སྤྱི་ཟླ་2པའི་ཚེས་2རེས་གཟའ་མིག་དམར་ཉིན་གྱི་ཆུ་ཚོད་དང་པོ།
བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཏེ་སྤྱི་ཟླ་2པའི་ཚེས་5རེས་གཟའ་པ་སངས་ཉིན་གྱི་ཆུ་ཚོད་བརྒྱད་པའི་ཐོག་བཅས་ལ་ཡིན།
གཞན་ཡང་ལོ་འདིའི་ཕྱོགས་གཙང་ནི་ཤར་སྨད་དང་། བོད་ཟླ་བཅུ་གཉིས་པའི་ཚེས་18བར་བུམ་སྟོང་ཤར། ཚེས་19སྔ་མ་ནས་ཕྱི་ཟླའི་ཚེས་19བར་བུམ་སྟོང་ལྷོ་རུ་འཁེལ་བ་ཡིན་ནོ།