དབུ་ཤོག
  • རླངས་འཁོར་ནང་གི་དྲོད་རླུང་མཁས་པོ་སྤྱོད་སྟངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-07

    དགུན་དུས་ཁ་ལོ་བ་ཕལ་མོ་ཆེ་རླངས་འཁོར་གྱི་དྲོད་རླུང་བེད་སྤྱོད་བྱེད་རྒྱུ་དགའ་པོ་ཡོད། ཡིན་ནའང་ཁྱེད་ཀྱིས་ཤེས་སམ། རླངས་འཁོར་ནང་གི་དྲོད་རླུང་སྤྱོད་སྟངས་ཐད་ཤེས་བྱ་མང་པོ་ཡོད་པས། རེ་རེ་བཞིན་ཞུའོ།

    1.དྲོད་རླུང་བཏང་ན་སྣུམ་ཟད་ཚད་མཐོ་རུ་འགྲོ་འམ། དྲོད་རླུང་ནི་རླངས་འཁོར་སྒུལ་བྱེད་འཕྲུལ་འཁོར་གྱི་དྲོད་གཅོག་བྱེད་མ་ལག་ནས་བྱུང་བ་ཡིན་ཞིང་། དྲོད་རླུང་བེད་སྤྱོད་མ་བྱས་ནའང་དྲོད་འདི་རླངས་འཁོར་ཕྱི་རུ་འབུད་འགྲོ་ཡི་ཡོད། དེ་བརྟེན་ཁྱེད་ཀྱིས་སྣུམ་གྲོན་ཆུང་ཡོང་ཆེད་རླངས་འཁོར་ནང་གྲང་ཟུག་སྡུག་རུས་བྱེད་དགོས་དོན་མེད། 

    2.A/Cམཐེབ་བཀྱག་གནོན་དགོས་སམ། དབྱར་དུས་རླངས་འཁོར་ནང་གྲང་རླུང་གཏོང་དགོས་ན་A/Cམཐེབ་བཀྱག་གནོན་དགོས། དྲོད་རླུང་ལ་འདི་གནོན་མི་དགོས། གང་ལགས་ཤེ་ན། དྲོད་རླུང་ནི་རླངས་འཁོར་ནང་གི་དྲོད་རླངས་འཁོར་རྒྱུག་ལས་བྱུང་བ་ཡིན་པས་སོ།

    3.རླངས་འཁོར་མེ་འབར་མ་ཐག་དྲོད་བཏང་ན་འགྲིག་གམ། ཁ་ལོ་བ་མང་པོས་དགུན་དུས་རླངས་འཁོར་མེ་འབར་མ་ཐག་ལམ་སེང་དྲོད་རླུང་གཏོང་གི་ཡོད། དེ་འདྲ་བྱས་ན་མི་འགྲིག དགུན་དུས་མེ་སྦར་མ་ཐག་པའི་རླངས་འཁོར་གྱི་ཆུ་སྒམ་གྲང་མོ་ཡིན་ཞིང་། རླངས་འཁོར་རྒྱུན་གཏན་ལྟར་འཁོར་རྒྱུག་བྱེད་པར་སྔོན་ལ་སྒུལ་སྐྱོད་འཕྲུལ་འཁོར་ལ་དྲོད་ངེས་ཅན་དགོས། གལ་ཏེ་སྔོན་ནས་དྲོད་རླུང་ཁ་ཕྱེ་ན་སྒུལ་སྐྱོད་འཕྲུལ་འཁོར་ལ་དྲོད་སླེབས་དཀའ།

    4.ག་དུས་དྲོད་རླུང་གཏོང་ན་འཚམ་ཤོས་ཡིན་ནམ། ཆུ་དྲོད་མཚོན་པའི་མདའ་འདི་བཞི་ཆ་གཅིག་ཙམ་ལ་སླེབས་དུས་དྲོད་རླུང་བཏང་ན་ལེགས། དྲན་སྐུལ་ཞུ་རྒྱུར་སྔོནལ་ཁ་རླུང་ཕྱི་ནང་འཁོར་རྒྱུག་བྱེད་དུ་འཇུག་ནས་རླངས་འཁོར་ནང་གི་དྲང་རླུང་ཕྱི་ལ་འབུད་དགོས་པ་དང་། དེ་ནས་སྐར་མ་3-5སོང་རྗེས་རླངས་འཁོར་ནང་གི་རླུང་བུ་འཁོར་རྒྱུག་བྱེད་དུ་འཇུག་དགོས་སོ།

    5.དུས་ཚོད་རིང་པོ་དྲོད་རླུང་བཏང་ན་འགྲིག་གམ། ཁ་ལོ་བ་འགས་རླངས་འཁོར་ཁ་བཀག་ནས་དུས་ཚོད་རིང་པོ་སྡོད་སྐབས་དྲོད་རླུང་གཏོང་གི་ཡོད་པས། དེ་འདྲ་བྱས་ན་ལུས་ལ་གནོད་པའི་རླངས་པ་འཁོར་སྲིད། ལྷག་པར་དུ་དྲོད་རླུང་བཏང་ནས་གཉིད་ཁུག་ན་དུག་ཕོག་པའི་ཉེན་ཁ་ཧ་ཅང་ཆེ། གལ་ཏེ་དྲོད་རླུང་ཡུན་རིང་གཏོང་དགོས་ན། ངེས་པར་དུ་སྒེའུ་ཁུང་ཕྱེ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།