ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2015ལོའི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་31ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ལྷན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་བཅས་དང་དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་དང་དགའ་སྤྲོ་མཉམ་འཛོམས་གནང་ནས་2016ལོའི་གནམ་ལོ་གསར་ཚེས་ལ་བསུ་བ་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རྒྱུས་འགོ་ཚུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་གདོང་མཆོང་གི་དཀའ་ཚེགས་ཆེ་བའི་ལས་འགན་ང་ཚོ་མི་རབས་འདིའི་ཕྲག་ཐོག་ཏུ་བབས་ཡོད། གདོང་མཆོང་ནི་འབད་འབུངས་ལྷོད་མེད་བྱེད་པའི་དུས་དང་། དཀའ་སྤྱད་འབད་བརྩོན་བྱེད་པའི་དུས།སྙིང་སྟོབས་བསྡུར་བའི་དུས་བཅས་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རླབས་ཆེན་གྱི་དཔུང་སྐྱོད་ནང་ཀྲུང་གོ་བ་ཚང་མར་རང་རང་སོ་སོའི་འགན་འཁྲི་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངར་ཤུགས་གཅིག་སྒྲིམ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། ཏན་ཏིག་གི་འབད་བརྩོན་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་དཔུང་སྐྱོད་གསར་པའི་ནང་ཞུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་བསྟན་དོན། 2015ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་དུས་བབ་སྟངས་འཛིན་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བར་བརྟེན་དཔལ་འབྱོར་འཕར་ཚད་དེ་མུ་མཐུད་འཛམ་གླིང་གི་མདུན་གྲལ་ལ་སླེབས་པ་དང་འབྲེལ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཡར་ཐོན་གསར་པ་ཐོབ་ཡོད། ང་ཚོས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་2015ལོར་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་101སྤྱིར་ན་ལེགས་གྲུབ་ཟིན་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒྱུར་བཅོས་ལས་འགན་153ལེགས་སྒྲུབ་བྱས་པ། ཕྱོགས་ཁག་གིས་སྒྱུར་བཅོས་གྲུབ་འབྲས་415བཏོན་པ་བཅས་སྒྱུར་བཅོས་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏིང་ཟབ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། ང་ཚོས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་བསྟར་གཏིང་ཟབ་བྱེད་པ་དང་སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། ང་ཚོས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་སྐུལ་འདེད་བཏང་བར་བརྟེན་རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་པ་གཅོད་པ་དང་ལྐོག་ཟ་བྱེད་མཁན་ཡོད་ཚེ་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་པའི་ཆོད་སེམས་མངོན་པ་བྱས་པས། ཏང་སེམས་དང་དམངས་སེམས་སྔར་བས་ཐོབ་ཡོད།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་འདིའི་ནང་ང་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་འབྲེལ་དམག་གཟིགས་ཀྱི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་གཏོད་པ་བཅས་ཀྱི་དྲང་བདེན་གྱི་འདུ་ཤེས་དང་མི་རིགས་ཀྱི་སྙིང་སྟོབས་མངོན་པ་བྱས་ཡོད། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་ས་དང་ཤང་ཀང་། ཨའོ་མོན་ས་ཁུལ་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད། ང་ཚོས་ངོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་བས་ངོགས་གཉིས་ཀྱི་འགོ་ཁྲིད་མི་སྣ་མཇལ་འཛོམས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ང་ཚོས་ཕྱོགས་མང་གི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཀྲུང་གོའི་སྐད་སྒྲ་གྲགས་པ་དང་ཀྲུང་གོའི་ཇུས་གཞི་བཏོན་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད།
ཞིས་ཅིན་ཕིང་གིས་བསྟན་དོན། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་སྦྲགས་རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ང་ཚོས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེན་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་འགོག་མཐའ་འཁྱོངས་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་པ་ཡག་པོ་སྤོ་བའི་འགན་ལེན་བྱུང་ཡོད། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། ཤང་ཀང་བས་ཤང་ཀང་སྐྱོང་བ་དང་། ཨའོ་མོན་བས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཡང་དག་ངང་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་གྱི་འཛོམས་མདོ་རྒྱ་ཆེར་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
ཞིས་ཅིན་ཕིང་གིས་ལོ་གསར་པའི་ནང་ང་ཚོས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་མི་སེམས་གཅིག་འགྲིལ་དང་སྟོབས་ཤུགས་སྣོན་དགོས། མི་དམངས་སྲིད་གྲོས་ཀྱིས་ཐབས་འདོན་ཇུས་འབུལ་དང་བྱ་ཐབས་དངོས་བཏོན་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།