དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚེས་24ཉིན་དང་ཚེས་25ཉིན་པེ་ཅིང་དུ་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི“ཞིང་གསུམ”ལས་དོན་ལ་ཕྱོགས་སྡོམ་དང་། དེང་སྐབས་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་ལ་དབྱེ་ཞིབ། 2016ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་རེས་ཀྱི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བཅས་ཀྱི་ཐོག་ད་རེས་ཀྱི་ཚོགས་འདུ་ལེགས་པར་འཚོག་རྒྱུ་དང་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ་རེད།

    ཞིས་ཅིན་ཕིང་གིས་ཞིང་ལས་ལ་མཐོང་ཆེན་དང་རྩ་བ་བརྟན་དུ་གཏོང་རྒྱུ་ནི་དམངས་སེམས་བདེ་འཁོད་ཀྱི་རྨང་གཞི་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ང་ཚོར་སྤྱི་ཡོངས་ལས་དོན་གྱི་རང་འགུལ་ཐོབ་ཕྱིར་ནུས་པ་གལ་ཆེན་བཏོན་ཡོད། དེ་དང་ཕྱོགས་མཚུངས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དང་འགྲན་སློང་ད་དུང་ཧ་ཅང་མང་པོ་ཡོད་པས“ཞིང་གསུམ”ལས་དོན་ལ་དུས་དང་རྣམ་པ་ཀུན་ཏུ་སྣང་ཆུང་དང་ལྷོད་གཡེང་བྱེད་མི་རུང་བ་དེ་ངེས་པར་དུ་མཐོང་བ་བྱེད་དགོས། “ལོ་ལྔ་ཚན་གསུམ་པའི”རིང་ངེས་པར་དུ“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པར་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་ཏན་ཏིག་བསྟར་ཏེ་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྒྱུར་བཅོས་ཁག་ལ་སྐུལ་མ་གཏིང་ཟབ་བཏང་ནས“ཞིང་གསུམ་གྱི་དཀའ་གནད”སེལ་བ་དང་། གསར་གཏོད་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་ཆགས་པ་བཅས་བྱས་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་མ་ཧུར་ཐག་གཏོང་བ་དང་དབུལ་སྒྲོལ་གསར་སྤེལ་གྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པར་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེ་བྱེད་གཞི་ཆེན་པོ་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལི་ཁེ་ཆང་གིས“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་གསར་པ་སེལ་བ། དེང་རབས་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་བཅས་བྱས་ནས་གཉེར་སྐྱོང་གཞི་ཁྱོན་འོས་འཚམས་སྣ་ཚོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་ལ་ལོ་ལེགས་བྱུང་རྗེས་ཐོན་པའི་གནས་ཚུལ་གསར་པར་དབྱེ་ཞིབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་སྤྱད་ནས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་ཞིང་པའི་ཧུར་སེམས་མུ་མཐུད་སྐུལ་སློང་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཚོགས་འདུའི་ཐོག《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་ཞིང་ལས་དེང་རབས་ཅན་མགྱོགས་སུ་བཏང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག(གྲོས་བསྡུར་མ་ཟིན)》གྲོས་བསྡུར་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་འབྲུ་རིགས་ལ་བསྟུད་མར་ཐོན་འཕར་བྱུང་བ་དང་ཞིང་པའི་ཡོང་འབབ་རྒྱུན་སྲིང་ངང་མགྱོགས་ཙམ་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཡིན་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ལས་དང་གྲོང་གསེབ་ལས་དོན་ཐད་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མི་འདང་སའི་འདུ་ཤེས་ཆེན་པོ་བརྟན་པོར་འཛུགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས“ཅན་བཞི་མཉམ་བགྲོད”བྱེད་པའི་ཐད་ཀྱི་ཞིང་ལས་ཀྱི་མི་འདང་ས་དང་འབྱོར་འབྲིང་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་ཐད་ཀྱི་གྲོང་གསེབ་ཀྱི་མི་འདང་ས་ཏན་ཏན་ཏིག་ཏིག་ངང་གསབ་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞིང་ལས་མཁོ་སྤྲོད་ཐད་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཞིང་ལས་ཀྱི་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ཞིང་ལས་ཐོན་རྫས་མཁོ་སྤྲོད་གྲངས་འབོར་འདང་ངེས་དང་སྣ་ཁ་དང་སྤུས་ཚད་འཛད་སྤྱོད་པའི་དགོས་མཁོ་དང་འཚམ་ཐུབ་པ་བྱས་ཏེ་གྲུབ་ཆ་ལུགས་མཐུན་དང་འགན་ལེན་ནུས་ལྡན་ཡིན་པའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ཞིག་དངོས་འབྲེལ་ཆགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་ལས་ལ་མཐོང་ཆེན་བྱེད་པའི་རྣམ་པ་ཆགས་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེའི་གནས་བབ་ཐོག་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།