རྫོགས་ལྡན་སྟོན་གྱི་ནམ་ཟླས་བོད་ལྗོངས་ས་མཐོའི་སྟེང་དུ་གྲོ་ནས་སྲན་གསུམ་གཙོ་བོ་བྱས་པའི་འབྲུ་རིགས་མིའི་རིགས་ལ་སྐྱེས་སུ་འབུལ་བའི་དུས་སུ་སླེབས། ཤོད་སྲོལ་དུ་"ལག་པར་འབྲུ་རིགས་ཡོད་ན། སེམས་པ་གནས་ལ་ཕབ"ཞེས་པ་ལྟར། འབྲུ་རིགས་ནི་སྔར་ནས་ད་བར་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འཚོ་བའི་བཟའ་བཅའ་ཞིག་རེད། 2014ལོར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཁྱད་ལྡན་སྔོ་ཚལ་མུའུ་ཁྲི་1.17འདེབས་འཛུགས་བྱས་པར་གཞིས་རྩེ་ཁུལ་གྱི་"སྔོ་ཚལ་གྲོང་ཚོར"གྱུར་ཡོད། ད་ཆ་མི་ཚང་མས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་ཀྱི་ཡོད།དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོ་ནི་རང་རྒྱལ་གྱི་ཞིང་ལས་རྨང་གཞི་ཞན་པ་དང་།
ཞིང་ལས་ཐོན་སྐྱེད་ཆ་རྐྱེན་རྗེས་ལུས། འཕེལ་རྒྱས་གཏོང་སྟངས་རགས་གཉེར་ཅན་གྱི་གནས་ཚུལ་ལ་འགྱུར་ལྡོག་བཏང་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དེ་ཟམ་མི་ཆད་པར་གོང་མཐོར་བཏོང་རྒྱུ་དེ་རེད། པ་སྣམ་རྫོང་ཞིང་ལས་ལོ་ཏོག་འདེབས་འཛུགས་ཁུལ་ཀྱིས་ཡུལ་དེ་གའི་ས་ཞིང་དང་། ཆུ་ཁུངས། ཐོན་ཁུངས་སོགས་ཀྱི་ལེགས་ཆ་བེད་སྤྱད་ནས་ཁྱད་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་མཐོ། སྤུས་ལེགས། ནུས་མཐོ། སྐྱེ་ཁམས། བདེ་ཐང་སོགས་བླང་བྱར་གཞིགས་ནས། དེང་སྐབས་ཞིང་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཐབས་ཤེས་ནི་མི་རྣམས་ཀྱི་བློ་རིག་ལ་བརྟེན་ནས་བྱུང་བ་དང་། ཕྱུག་གྱུར་གྱི་ལམ་བུ་ནི་མི་རྣམས་ཀྱིས་འཚོལ་ཞིབ་བྱས་པ་ལས་བྱུང་། ཁྱད་ལྡན་ཞིང་ལས་ཐོན་ལས་དེ་དེང་རབས་ཅན་ཞིང་ལས་ཀྱི་གཞི་རྩའི་རྣམ་པ་ཞིག་ཡིན་པ་དང་དེ་ནི་མི་རྣམས་ཕྱུག་གྱུར་གྱི་ལམ་བུར་བསྐྱོད་པའི་ལམ་བུ་གསར་པ་ཞིག་ཡིན། ཁྱད་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་མི་རྣམས་ཀྱིས་རང་ཁྱིམ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། ཉེ་འཁོར་ཁུལ་གྱི་ཚལ་རིགས་དགོས་མཁོ་ཡང་སྐོང་ཐབས་བྱས་ཡོད། པ་སྣམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཆེད་དུ་ལས་ཀ་བསྒྲུབ་པ་དང་། ཟམ་མི་ཆད་པར་མང་ཚོགས་ཚོར་ཞིང་ལས་སྐོར་གྱི་སྲིད་ཇུས་དང་ཞིང་ལས་ཚན་རྩལ་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྱད་ནས། མང་ཚོགས་ཀྱི་འདེབས་འཛུགས་ཐད་ཀྱི་ལག་རྩལ་གོང་མཐོར་བཏང་བ་དང་། མང་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་བྱས་པ།
ཁྱད་ལྡན་ཞིང་ལས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ཁྱད་ལྡན་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཕྱུག་འགྱུར་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད། ཞིང་པ་ཕྱུག་པོ་མིན་ན། རྒྱལ་ཁབ་ཧྲིལ་པོ་ཕྱུག་པོ་ཡིན་པར་བརྩི་མི་རུང་། ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཞིང་ཕན་སྲིད་ཇུས་རབ་དང་རིམ་པས། ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་འཐུས་ཚང་དུ་བཏང་ཡོད། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྲིད་སྐྱོང་དམངས་ཕན་གྱི་བསམ་བློ་བློ་ལ་བརྟན་པོར་ངེས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ། དོ་དམ་གྱི་ལམ་སྲོལ་འཐུས་ཚང་། "ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ཕན། ཞིང་ཁུལ་སྐྱོང་"བའི་བསམ་བློ་དང་"བབ་ཆགས། བདེན་འཚོལ། དོན་གཉེར"བཅས་ཀྱི་ལས་ཀའི་རྣམ་འགྱུར་ཟུང་འབྲེལ་བྱས་ནས་མི་རྣམས་མུ་མཐུད་ཕྱུག་པོའི་ལམ་བུའི་ཐོག་མདུན་བསྐྱོད་བྱེད་པར་སྣེ་ཁྲིད་ཐུབ་པ་ཡོང་ངེས་རེད།
(པ་སངས་སྒྲོལ་དཀར་གྱིས་བསྒྱུར།)