གསར་འགོད་པས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་པོ་ཚང་མ་དབུལ་སྒྲོལ་དང་དབུལ་པོའི་རྫོང་ཚང་མའི་ཞྭ་མོ་ཕུད་དེ་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་སྤྱིའི་དམིགས་ཚད་ནང་མི་འབོར་དབུལ་པོའི་ཡོང་འབབ་ཆེས་ཆེར་འཕར་བ་བྱས་ཏེ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་16%ཡན་འཕར་བ་བྱས་ནས་མི་ཚང་དབུལ་པོར་སྤུས་ཚད་དེ་བས་ལེགས་པའི་ཟ་གོས་སྡོད་འགྲོ་སློབ་སྨན་གསོ་བཅས་འགན་ལེན་བྱེད་དགོས་པ་དང་འབྲེལ་ཞི་མཐུན་གྱི་བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་དང་། དེ་བས་ཆ་སྙོམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་དང་རྨང་གཞིའི་སྤྱི་པའི་ཞབས་ཞུ། དེ་བས་འཐུས་ཚང་གི་སྤྱི་ཚོགས་འགན་ལེན་མ་ལག དེ་བས་མཐོ་བའི་བདེ་སྐྱིད་སྟོན་གྲངས་བཅས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།
བོད་ནི་རང་རྒྱལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དབུལ་པོའི་ས་ཁུལ་གཅིག་བུ་དེ་ཡིན་པ་དང་2014ལོར་ཡིག་ཚགས་ནང་འཁོད་པའི་མི་འབོར་དབུལ་པོ་ད་དུང་ཁྲི་69ཡོད་པ་དང་དབུལ་པོ་ཐོན་ཚད་ཀྱང་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་22མཐོ་བ་ཡོད་པ་མ་ཟད། 2020ལོར་སླེབས་སྐབས་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་རྒྱུའི་དུས་ཚོད་བྲེལ་བ་དང་། ལས་འགན་ལྕི་བ། དོན་སྙིང་ཟབ་པ་བཅས་ཡོད།
མིག་སྔར་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་74.39%བཟུང་བའི་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ས་ཁུལ་གསུམ་པོ་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་དུ་བྱས་ཏེ་མ་དངུལ་གཏོང་ཚད་མང་དུ་གཏོང་རྒྱུ་དང་འབྲེལ་རྣམ་གྲངས་དང་། ཐོན་ལས། བདེ་སྡོད། གནས་སྤོ། ལས་ཞུགས། རྩལ་ནུས་གསོ་སྦྱོང་། བོད་སྐྱོར་བཅས་དང་དེ་བཞིན་གྲོང་སྡོད་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དབུལ་པོ་ཚང་མ་རྩ་བའི་ཆ་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད།