དབུ་ཤོག>གསར་འགྱུར།
  • དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-12-04

    “དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཇི་ཙམ་རྒྱག་པར་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས” 2020ལོར་སླེབས་སྐབས་དབུལ་པོའི་ས་ཁུལ་དང་དབུལ་པོ་རྣམས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་པའི་འགན་ལེན་བྱེད་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང“དབུལ་སྒྲོལ་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་དབུལ་སྒྲོལ་ལས་འགན་དམ་འཛིན”བྱེད་པའི་བླང་བྱ་གཞིར་བཟུང་ཡིད་ཆེས་བརྟན་གཏོང་དང་འགན་འཁུར་ཕོད་པ་དང་། འགག་སྒྲོལ་དཀའ་སེལ་དང་དུས་བསྟུན་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བཏང་ཟིན་པས་དོན་འཁྱོལ་དམ་འཛིན་བྱེད་འདོད་མེད་དང་། བྱེད་ཕོད་མེད། བྱེད་མཁས་མིན་བཅས་ཚང་མས་ང་ཚོའི་བསམ་བློའི་ཉམས་འགྱུར་དང་། ལས་ཀའི་ནུས་པ། ལས་ཀའི་སྤྱོད་ཚུལ་བཅས་ལ་ཞིབ་བཤེར་ཐེབས་ཀྱི་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཐབས་ཇུས་འདིང་དགོས་གདོང་མཆོང་དཔུང་གཏོར་ཡང་བྱེད་དགོས་པ། བསམ་བློའི་ངོས་འཛིན་དོན་འཁྱོལ་མ་བྱུང་བ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་མེད་པ། ལས་ཀའི་བྱེད་ཐབས་དོན་འཁྱོལ་མ་བྱུང་བ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་བའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ང་ཚོས་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་རིམ་ཁག་ཏང་ཨུད་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་རིམ་པ་བཞིན་མིང་རྟགས་འགོད་པ་དང་ལས་འགན་ཁུར་ལེན་ཞུ་ཡིག་དང་ལེན་བྱེད་པ། ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་སྙན་ཞུ་དང་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཟོ་བ།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དངོས་དེ་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱེད་པའི་གལ་ཆེའི་གཞི་འཛིན་སར་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་བརྟན་དུ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཚེ་གཞི་ནས་རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་དམ་འཛིན་དང་ཏང་ཡོངས་སྐུལ་སློང་གིས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཆགས་ཐུབ།

    རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་སྲིད་སྐྱོང་གི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་དང་ཤ་རུས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་མཐོ་ཚད་ནས་འགོ་འཛུགས་པ་དང་། ཞུམ་མེད་ཀྱི་ལས་ཀའི་སྤྱོད་ཚུལ་དང་བྱེད་སེམས་རྒྱུན་འཁྱོངས་བྱེད་པ། སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དེ་སྔ་དམག་སྤྱི་ཉེ་རུང་ཀྲེན་གྱིས་ཧོ་པེའི་ཧྥུའུ་ཕིང་དུ་དམག་འཐབ་གནང་བ་དང་འཚོ་བ་སྐྱེལ་སྐབས“ཧྥུའུ་ཕིང་ཕྱུག་པོར་མ་གྱུར་ཚེ་ཤི་ཡང་མིག་གཉིས་ཟུམ་པར་དཀའ”ཞེས་པའི་བསམ་འདུན་ཡོད། ཡུན་རིང་མ་སོང་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་ལོ་40ལྷག་ཙམ་ནང་དབུལ་སྐྱོར་ནི་ཐོག་མཐའ་བར་གསུམ་དུ་ངའི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན་པས་དེའི་ཐད་ངས་སེམས་ནུས་མང་ཤོས་བཏོན་ཡོད་ཅེས་གསུངས་མྱོང་། ང་ཚོ་གུང་ཁྲན་ཏང་མིར་ངེས་པར་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་བསམ་བློ་དེ་འདྲ་ཞིག་ཡོད་དགོས་པ་དང“རྒྱལ་ཁབ་སྐྱོང་མཁས་ཅན་གྱིས་དམངས་རྣམས་རང་ཉིད་ཀྱི་ཕ་མ་དང་། གཅེས་ཕྲུག གཅེན་གཅུང་བཅས་ལྟ་བུར་བརྩིས་ནས་བདེ་སྡུག་མཉམ་མྱོང་བྱེད་ཀྱི་ཡོད”ཅེས་པའི་གནའ་དཔེ་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ཀྱི་སེམས་ནུས་དང་བརྩེ་སེམས་ཡོད་རྒུ་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་མཐར་ཕྱིན་པ་རྒྱག་དགོས།

    “མི་ལ་སྙིང་རུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད”དབུལ་པོ་ནི་འགྱུར་ལྡོག་གཏོང་མི་ཐུབ་པའི་ལས་དབང་ཞིག་མིན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ད་དུང་ཕྱོགས་གཉིས་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས། གཅིག་ནི་ས་ཁུལ་དབུལ་པོ་དང་དབུལ་པོའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། ཁོང་ཚོར“དཀའ་སྒྲུབ་བྱེད་དགོས་ཀྱང་སྡུག་པོ་མྱོང་མི་འདོད་པའི”བསམ་བློ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་བྱེད་དགོས། གཉིས་ནི་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་དབུལ་སྐྱོར་བྱ་གཞག་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་། རིགས་ཁག་གི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ཧྲིལ་པོ་ཞུགས་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་མགྱོགས་མྱུར་ཆགས་པ་བྱེད་དགོས།

    སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དབུལ་སྐྱོར་འགག་སྒྲོལ་དེ་དབུལ་སྒྲོལ་འགག་སྒྲོལ་དུ་འགྱུར་ནས་2020ལོ་བར་གྱི་དུས་མཚམས་དེར་ནན་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་དབུལ་སྒྲོལ་གྱི་ཁས་ལེན་ཁ་བཤད་ལག་བསྟར་ཐུབ་པ་བྱ་རྒྱུ་དེ་ནི་དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན། ང་ཚོས་ཡུས་ཀུང་གིས་རི་བོ་སྤོས་པ་ལྟ་བུའི་ཆོད་སེམས་འཇོག་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱེད་པ། མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱས་ཚེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཐོབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།