དབུ་ཤོག>གསར་འགྱུར།
  • ​ སྐྱིད་བུ་ནི་རི་གྲོང་འགྱུར་ལྡོག་གི་དཔང་མི་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-04

    མི་ཚེའི་ཤུལ་ལམ་རིང་མོར། ལ་ལས་བརྗིད་ཆེའི་བྱ་གཞག་བརྩོན་ལེན་བྱེད་པ་དང་ལ་ལས་མཚན་སྙན་གྲགས་བརྩོན་ལེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་བབ་ཆགས་པའི་འཚོ་བ་སྐྱེལ་འདོད་བྱེད།

    སྐྱིད་བུ་ལོ་56ལ་སླེབས་པ་དང་ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་འབྲོང་རོང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། 2004ལོ་ནས་2014ལོའི་བར་ལོ་10བསྟུད་མར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་ཏེ་གྲོང་ཚོ་དེའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཆེད། ཁོང་གིས་ངལ་བ་དང་འཁང་ར་རྒྱབ་ཏུ་བསྐྱུར་ནས་མང་ཚོགས་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཡོད། དེས་ན། ཁོང་ལ་འབྲོང་རོང་གྲོང་ཚོ་འཕེལ་རྒྱས་དང་འགྱུར་ལྡོག་སོང་བའི་དཔང་མི་ཞེས་བརྗོད་ཆོག

    སྐྱིད་བུས། འབྲོང་རོང་གྲོང་ཚོའི་ནུབ་ན་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དང་སྦྲེལ་ཡོད་པ་དང་། བྱང་ན་ལྷ་རི་རྫོང་མཚོ་སྟོད་ཤང་དང་སྦྲེལ་ཡོད། ང་ཚོའི་གྲོང་ཚོ་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པས། འབྲོག་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དུད་ཚང་ཚང་མར“གཏན་འཇགས་རྒྱུ་ནོར”ཏེ། ནོར་ལུག་འབོར་ཆེན་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོར་མང་ཚོགས་ལ“ཕྱུགས་ཟོག་བཤས་གཏོང་མི་བཟོད་པ་དང་འཚོང་མི་བཟོད་པའི”སྲོལ་རྒྱུན་ལྟ་བའི་ཤུགས་རྐྱེན་ཕོག་ནས“གཏན་འཇགས་རྒྱུ་ནོར”དེ་དག་ཡེ་ནས“འདོན་མི་ཆོག་པའི་བཅོལ་དངུལ”ལྟ་བུར་གྱུར་པས། གྲོང་མིའི་ཡོང་འབབ་དམའ་བ་དང་འཚོ་བའི་ཆུ་ཚད་དམའ་བར་གྱུར་ཡོད་ཅེས་གསར་འགོད་པར་བཤད།

    “ངས་དྲན་གསལ་ལ། ཆུང་དུས་ང་ཚོའི་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། སྡོད་སའི་ཁང་པ་ནི་ཐོག་གཅིག་མ་ཡིན་པའི་ཁར་རྒྱ་ཁྱོན་ཆུང་ལ་ས་དང་ཤིང་ལས་གྲུབ་པ་ཞིག་ཡིན་པ་དང་། འགྲིལ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་མེད། ཚང་མ་རྐང་ཐང་མར་འགྲོ་དགོས། དཔྱིད་འདེབས་སྟོན་བསྡུ་ཚང་མ་མི་ཤུགས་ལ་བརྟེན་དགོས་པ་དང་། རྫས་ལུད་དང་ཞིང་སྨན་མེད་པས་འབྲུ་རིགས་ཀྱི་ཐོན་འབབ་ཧ་ཅང་དམའ་པོ་ཡོད”ཅེས་སྐྱིད་བུས་ཆུང་དུས་སྐབས་ཀྱི་འཚོ་བ་ཕྱིར་དྲན་བྱེད་ཀྱིན་བཤད།

    ཉིན་ཤས་གོང་གསར་འགོད་པས་འབྲོང་རོང་གྲོང་ཚོར་བཅར་འདྲིར་བསྐྱོད་པ་ཡིན། དེར་སྐྱིད་བུས་བཤད་པའི་དེ་སྔའི་འབྲོང་རོང་གྲོང་ཚོར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་ཕྱིན་འདུག ད་ཆ་གྲོང་ཚོའི་འགྲོ་ལམ་ཚང་མར་ཨར་འདམ་བཏིངས་པ་དང་། ཁྱིམ་ཚང་ཚང་མར་གློག་དང་། ཆུ། བརྙན་འཕྲིན་བཅས་ཤར་གཏོང་ཐུབ་པ། ཆ་རྐྱེན་ཅུང་ལེགས་པའི་ཁྱིམ་ཚང་དུ་ད་དུང་རླངས་འཁོར་དང་སྦག་སྦག་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག གྲོང་ཚོ་རིམ་པའི་རྩ་འཛུགས་འཐུས་སྒོ་ཚང་བ་དང་རྩ་འཛུགས་ཁག་གིས་ནུས་པ་ལེགས་པར་འདོན་བཞིན་མཆིས།

    “སྔོན་ཆད་དང་བསྡུར་ཚེ་ད་ཆའི་ཡུལ་མིའི་འཚོ་བ་ཧ་ཅང་ཡག་པོ་ཡོད། སྡོད་ཁང་ནི་ཡངས་ཤིང་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཡིན་པ་དང་། དུད་ཚང་མར་རང་ཉིད་ཀྱི་འགྲིམ་འགྲུལ་ཡོ་བྱད་ཡོད་པས། འབྲོག་རར་འགྲོ་སྐབས་སྟབས་བདེ་པོ་ཡོད། རྫོང་དང་གྲོང་རྡལ་གྱིས་གྲོང་ཚོའི་ལས་བྱེད་པ་ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་པར་བཏང་བ་དང་ཕྱིར་ལོག་རྗེས་ཡུལ་མི་ཚོར་ཞིང་འབྲོག་ལས་ཀྱི་ལག་རྩལ་མང་པོ་སློབ་ཏུ་བཅུག་པས། ཕྱུགས་ཟོག་གསོ་མཁན་དུད་ཚང་སྔར་བས་མང་དུ་སོང་ལ། ཡོང་འབབ་ཀྱང་མང་དུ་སོང་བ་དང་། སྔོན་ཆད་དང་བསྡུར་ན་ད་ཆ་འཚོ་བར་འཆར་གཞི་ཡོད་པ་དང་ཡོང་འབབ་མང་ཆེ་བས་ཁྱིམ་ཆས་དང་། ཞིང་ལས་འཕྲུལ་ཆས། གློག་རྡུལ་ཐོན་རྫས་བཅས་ཉོ་སྒྲུབ་བྱེད་པ་དང་སློབ་གསོའི་བྱ་གཞག་ལ་སྤྱད་ནས་ཕྲུ་གུ་དེ་བས་མང་བ་སློབ་གྲྭར་གཏོང་གི་ཡོད”ཅེས་སྐྱིད་བུས་དགའ་སྤྲོའི་ངང་བཤད། ད་ཆ་འབྲོང་རོང་གྲོང་ཚོ་ནི་སྤྱི་མདའ་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་། འདི་ལོའི་ཟླ་7པར་ད་དུང་འབྲོང་རོང་གྲོང་ཚོའི་འབྲོག་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པས། གྲོང་མིའི“ཕྱུགས་ཟོག་བཤས་གཏོང་མི་བཟོད་པ་དང་འཚོང་མི་བཟོད་པའི”སྲོལ་རྒྱུན་ལྟ་བར་འགྱུར་ལྡོག་སོང་ཡོད་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་སྟོབས་ཆེར་སོང་ཡོད།

    “ད་ལྟའི་འཚོ་བའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཡག་པོ་དེ་འདྲ་ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བྱུང་བ་ཞིག་ཡིན། སླད་ཕྱིན་རང་ཉིད་ཀྱིས་ངེས་པར་དུ་ལས་གནས་ཐོག་སྔར་བས་འབད་བརྩོན་དང་ལས་ཀ་ཡག་པོ་བྱས་ཐོག་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་བྱས་ཏེ་དུས་ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲང་ཐུབ་པ་བྱ་རྒྱུ་ཡིན”ཞེས་སྐྱིད་བུས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།