མཚན་མོ་གཉིད་ཐེངས་གཉིས་གསུམ་སད་ནས་ཡང་བསྐྱར་གཉིད་དུ་ཡུར་བ་ནི་རྒྱུན་ལྡན་རང་བཞིན་ཡིན་གྱི། གཉིད་སད་ཐེངས་གཅིག་གིས་དེ་ནས་གཉིད་རྩ་བ་ནས་མི་ཁུག་པའི་རྒྱུ་རྐྱེན་བཞི་ཡོད་དེ།
༡.མཚན་མོ་གཅིན་གཏོང་བར་ཐེངས་མང་འགྲོ་དགོས་པ། དེ་ཡང་རང་ཉིད་ཀྱིས་ཉིན་མོ་ཆུ་འཐུང་ཚད་ཉུང་ཉུང་ཡིན་རུང་ད་དུང་མཚན་མོ་གཅིན་པ་གཏོང་བར་ཐེངས་འགའ་ཤས་་ལངས་དགོས་ཚེ།ཉལ་ཁར་ཆུ་མང་ཙམ་འཐུང་དགོས་ཀྱི་ཡོད། དེའི་རྒྱུ་རྐྱེན་ནི་མིའི་ལུས་པོར་བརླན་ཚད་དང་གློག་འབྱེད་རྫས་གཉིས་དོ་སྙོམས་ཡོང་དགོས་ཀྱི་ཡོད། གལ་ཏེ་ཆུ་མང་པོ་བཏུང་རུང་ཆུའི་ནང་ཚྭའི་འདུ་ཚད་མེད་ཚེ་ལུས་པོའི་ཐོག་ནས་ཆུ་མང་པོ་ཟགས་ཐོན་གྱིས་ལུས་གཟུགས་ཀྱི་བརླན་ཚད་དོ་སྙོམས་ཡོང་དགོས་ཀྱི་ཡོད། དེའི་རྐྱེན་གྱིས་མཚན་མོ་གཅིན་པ་གཏོང་བར་ཐེངས་མང་འགྲོ་དགོས་ཀྱི་ཡོད།
༢.ཚ་བ་ཆེ་དྲགས་པ། མཚན་མོ་མིའི་ལུས་པོ་དང་ཉལ་ཁང་བཅས་ལ་ཚ་བ་ཆེ་དྲགས་རྒྱུ་མེད། ཚ་བ་ཆེ་དྲགས་ཚེ་གཉིད་ཁུག་ཁག་པོ་རེད། ཉལ་ཁང་གི་དྲོད་ཚད་དང་ཉལ་ཆས་སོགས་ཀྱི་མཐུག་ཚད་ནི་རང་ཉིད་ལུས་པོའི་ཚ་དྲོད་ཀྱི་ཚོར་སྣང་ལས་མཐོ་བ་བྱ་མི་རུང་ཉལ་ཁང་གི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ་15.50ནས་18.30བར་འཚམ་ཤོས་རེད།
༣.མཚན་ལ་ཕྱི་པོར་གློག་ཀླད་དྲ་ཚིགས་ལ་ལྟ་མང་བ། དེང་སྐབས་ཆ་འཕྲིན་ཁྱབ་རྒྱ་ཆེན་པོ་ཡིན་པས་ཚང་མ་གློག་ཀླད་དྲ་སྦྲེལ་དང་ཁ་བྲལ་ཐབས་མེད། ལྷག་པར་ཉལ་ཁྲིའི་སྟེང་དུ་ལག་ཐོགས་ཁ་པར་གྱི་དྲ་སྦྲེལ་ལྟ་བའི་གོམས་གཤིས་ངན་པ་ཁྱབ་བཞིན་ཡོད། གློག་ཀླད་འོད་མདངས་ཀྱིས་མིའི་མིག་ལ་གནོད་པ་ཆེ་བ་དང་དེས་གཉིད་ཁུག་རྒྱུར་ཡང་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། དེར་བརྟེན་གཉིད་མ་ཉལ་གོང་ཆུ་ཚོད་གཅིག་རིང་ལ་གློག་ཀླད་དང་ལག་ཐོགས་ཁ་པར་སྟེང་དྲ་སྦྲེལ་ཡེ་ནས་བལྟ་རྒྱུ་མེད།
༤.སེམས་ཁྲལ་བྱེད་མང་བ། དེང་སྐབས་མི་མང་པོ་ཞིག་ནི་ལས་ཀ་དང་ཁྱིམ་ཚང་གང་སྤྱིར་སེམས་ཁྲལ་ཆེན་པོ་ཡོད་རྐྱེན། དེས་མཚན་མོ་གཉིད་དུས་ཐོག་ཏུ་ཁུག་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད། མིར་སེམས་ཁྲལ་མེད་པ་ག་ལ་ཡོད། འོན་ཀྱང་མཚན་མོ་དུས་ཐོག་ཏུ་གཉིད་ལ་ཡུར་བའི་ཆེད་དུ་ལུས་སེམས་ལྷོད་དུ་འཇུག་པ་དང་སེམས་པ་ཏིང་འཛིན་གནས་སུ་སྒོམ་ཐུབ་ན་གཉིད་ཁུག་རྒྱུར་ཕན་པ་དང་སེམས་ཁམས་རིག་པ་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཏིང་འཛིན་སྒོམ་པ་དང་ཡང་ན་ཡོ་གའི་སྒོམ་སྒྲུབ་བྱས་ཚེ་སེམས་ནང་གི་སྡུག་བསྔལ་སེལ་ལ་གཤིས་ཀ་ཡང་ལྷོད་དུ་ཕྱིན་ནས་གཉིད་ཁུག་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད།