ཆུ་བེད་པུས་རང་ལྗོངས་ཀྱི་གལ་ཆེའི་ཆུ་བེད་རྣམ་གྲངས་དང་ཞིང་ཆུ་འདྲེན་པའི་ཐད་མ་དངུལ་གཏོང་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་བས་ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་ཞིང་ཆུ་འདྲེན་པའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་གི་ཞིང་ཆུ་འདྲེན་པའི་ཆུ་ཡུར་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས་ཞིང་ཆུ་འདྲེན་པའི་མཐའ་མའི་འགག་གནད་རྩ་བའི་ཆ་ནས་ལེགས་སྒྲུབ་ཟིན་ཡོད་པ་དང་། ཞིང་ནང་ཆུ་བེད་འཛུགས་སྐྲུན་བྱས་པ་དེས་ལོ་བསྟུད་མར་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་རྒྱུ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་ཐུབ་ཡོད།
གཞིས་རྩེའི་མ་ན་ཆུ་མཛོད་ཀྱི་རྟ་སྒ་ཆ་སྒྲིག་གི་ལས་གཞིའི་ངོས་ནས་མ་ན་ཞིང་ཆུ་འདྲེན་ཁུལ་གྱི་ལས་གཞི་དེ་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་། བསམ་གྲུབ་རྩེ་ཆུས་བཅས་ཀྱི་སྲིད་འཛིན་གྲོང་ཚོ ༡༤༧ ལ་ཁྱབ་ཡོད་པ་དང་མ་ཡུར་གྱི་སྤྱིའི་རིང་ཚད་སྤྱི་ལེ ༢༤༥ ཙམ་ཟིན་གྱི་ཡོད་པས་ས་ཞིང་མུའུ་ཁྲི་ཚོ ༤༧ ཙམ་ལ་ཞིང་ཆུ་འདྲེན་ཐུབ་ཀྱི་ཡོད། རྒྱལ་རྩེ་རྫོང་མཁར་སྨད་ཤང་དགའ་དབྱི་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་ངའི་ཁྱིམ་ལ་ས་ཞིང་མུའུ ༡༩ ཡོད་པའི་ནང་ནས་ད་ཆ་མུའུ ༡༥ ལ་ཆུ་ཡུར་ཤར་གཏོང་ཐུབ་ཡོད་པ་དང་། ན་ནིང་མུའུ་རེའི་འབྲུ་རིགས་ཐོན་འབབ་ལོ་གོང་མ་ལས་རྒྱ་མ ༧༠ ཙམ་གྱི་མང་བ་བྱུང་བ་དེ་ལོ་ལྔ་བཅུའི་གོང་དང་བསྡུར་ན་ལྡབ་མང་པོས་མང་རུ་ཕྱིན་ཡོད་ཅེས་བཤད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་མ་ན་དང་མལ་སྟག ཡར་ཀླུང་བཅས་ཞིང་ཆུ་འདྲེན་ཁུལ་ཆེན་པོ་གསུམ་སྐྲུན་པ་མ་ཟད་མུའུ་ཁྲི་ཡན་གྱི་ཞིང་ཆུ་འདྲེན་ཁུལ ༧༦ སྐྲུན་ཡོད་པས་གཅིག་བསྡུས་ཡུག་སྦྲེལ་གྱི་ཞིང་ཆུ་འགན་སྲུང་མ་ལག་སྤྱིར་ན་གྲུབ་ཡོད་པ་དང་། ཁ་ཐོར་དང་ཐག་རིང་ལུང་ཁུག་རྫོང་གི་ཞིང་ཆུ་འདྲེན་པའི་གནད་དོན་ལ་དམིགས་ནས་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་ཀྱི་གཙོ་གནད་རྫོང་དང་ཆེད་དོན་རྫོང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཞིང་ནང་ཆུ་འདྲེན་གྱི་མཐའ་མའི་འགག་གནད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། དེང་སྐབས་ལྗོངས་ཡོངས་ཀྱི་ཞིང་ཆུ་འདྲེན་ཐུབ་པའི་ས་ཞིང་མུའུ་ཁྲི་ཚོ ༣༤༥ བར་མང་དུ་ཕྱིན་ཡོད་པས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཝུན་ཧན་ནས། ཉེ་བའི་ལོའི་ནང་ཀྲུང་དབྱང་དང་ཆུ་བེད་པུས་རང་ལྗོངས་ཀྱི་ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་མཐོང་ཆེན་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཐད་དོ་ཁུར་ཆེན་པོ་གནང་གི་ཡོད་པས། ཞིང་ཆུ་འདྲེན་པའི་གནད་དོན་དེ་རང་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་གྱི་གལ་ཆེའི་ནང་དོན་ཞིག་ལ་གྱུར་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་ཞིང་ཆུ་འདྲེན་ཐུབ་པའི་ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་ཚོ ༡༢༠ གསར་སྣོན་དང་ལེགས་བཅོས་ཐུབ་པ་བྱས་ཏེ། མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་ཁུལ་ཁག་གཅིག་གི་ཆུ་འདྲེན་གནད་དོན་ཐག་གཅོད་བྱེད་རྒྱུ་དང་ཆུ་མཁོ་འདོན་འགན་སྲུང་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་ཆུ་མཁོ་འདོན་བྱེད་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༥ མང་དུ་འགྲོ་བ་བྱེད་རྒྱུ་རེད།