དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་ཁག་བཞི་པའི་རྨང་བརྟན་དམངས་ཕན་བྱེད་སྒོའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-03

    ལྗོངས་ཡོངས་ཀྱི་ཁག་བཞི་པའི་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་འགོ་བཙུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལྗོངས་གྲོང་ཚོར་བཅའ་སྡོད་ལས་དོན་ཐད་ཏང་ཨུད་ཀྱིས་བཏོན་པའི་བླང་བྱ་གཞིར་བཟུང་། རྨང་བརྟན་དམངས་ཕན་གྱི“ལས་འགན་ཁག་ལྔ”ལ་དམ་པོར་དམིགས་པའི་ཁར། གྲོང་ཁྱེར་དང་རྫོང་གི་དོན་དངོས་དང་། ཡོམ་འགོག་གེགས་སེལ་གྱི་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་ལས་དོན། གེགས་རྗེས་བསྐྱར་སྐྲུན་ལས་དོན་བཅས་དང་ཟུང་འབྲེལ་གྱིས་ཇུས་འགོད་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་རུ་མི་ཚོས་མང་ཚོགས་དང་མཉམ་དུ་ཟ་འཐུང་དང་། མཉམ་དུ་རྒྱུན་སྡོད། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་པར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

    “ནན་གསུམ་དྲང་གསུམ”ལག་ནན་གྱིས་བསྟར་བ།

    “4·25”ས་ཡོམ་བརྒྱབ་རྗེས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“དྲང་གསུམ་ནན་གསུམ”གྱི་བླང་བྱ་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་དོན་འཁྱོལ་བྱས་ཏེ་གེགས་ཁུལ་མང་ཚོགས་ཀྱི“སྲོག་ཤིང”དང“སྙིང་ཉེ་བར”འགྱུར་བར་བྱས་ཡོད། གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་རུ་མི་ཚོས་དུས་ཐོག་ཏུ་ཉེན་སེལ་རྒུད་སྐྱོབ་ནང་ཞུགས་ཤིང་། ཁོང་ཚོས་གནས་སྤོ་བཀོད་སྒྲིག་དང་། བརྟན་ལྷིང་སྲུང་སྐྱོང་། གླེང་ཕྱོགས་ཁྲིད་སྟོན། གེགས་བར་བྱུང་ཚུལ་ཞིབ་བསྡུར། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་སྒྲུབ་པར་གཞན་གྱི་སྔོན་དུ་བསྐྱོད་པ་དང་དཀའ་ལས་གཞན་ལས་ལྷག་པ་བརྒྱབ་སྟེ་ཡོམ་འགོག་གེགས་སེལ་ལ་རྒྱལ་ཁ་ཕྱོགས་ཡོངས་ནས་ཐོབ་ཕྱིར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།

    གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་རིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་གྱོང་གུན་ཚོད་སྐོར་དང་། འཆར་གཞི་བཟོ་འགོད། ལས་ཞུགས་གསོ་སྦྱོང་། མང་ཚོགས་དགུན་བརྒལ་ལ་སོགས་པའི་ལས་དོན་སྤེལ་བ་དང་། གེགས་ཁུལ་མང་ཚོགས་ལ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པར། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་300ལྷག་ཙམ་བརྩོན་ལེན་བྱས་པ་དང་། དངུལ་དང་དངོས་པོ་ཁྱོན་སྒོར་ཁྲི་180ལྷག་ཙམ་ཞལ་འདེབས་བརྒྱབ་པ་བཅས་ལས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། གེགས་ཁུལ་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་པ་མ་ཟད། ད་དུང་རྒྱ་ཆེའི་མི་དམངས་ཀྱི་ཡིད་ཆེས་ཀྱང་ཐོབ་ཡོད་པ་རེད།

    བྱེད་ཐབས་སྣ་ཚོགས་སྤྱད་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པ།

    འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་ཚོགས་འདུ་ཐེངས་མང་འཚོགས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྨང་བརྟན་དམངས་ཕན་ལས་དོན་བསྐྱར་དུ་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་མང་ཚོགས་སློབ་གསོ་གཞུང་ལས་ཁང་དང་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཞུང་ལས་གཉེར་ཏེ་ནོར་དོན་དང་། གཏན་འཇགས་རྒྱུ་ནོར། ཡིག་ཚགས། དཔྱད་གཞིའི་ཡིག་རིགས་སོགས་རྩིས་སྤྲོད་ལེན་གྱི་ལས་དོན་ལེགས་པར་བསྒྲུབས་ཡོད། གྲོང་ཁྱེར་ཁོངས་གཏོགས་ཀྱི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ཁག་གིས་ལས་དོན་གཙོ་བོ་གཏན་འཁེལ་ཁ་གསལ་བྱས་པ་དང་། ལས་དོན་མི་སྣ་ལེགས་སྒྲིག་བྱས་པ། ལས་འགན་ཁག་བགོས་ཞིབ་པར་བྱས་པ། ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བཅས་ཀྱི་ཐོག་ནས་རྨང་བརྟན་དམངས་ཕན་བྱེད་སྒོར་མཐོང་ཆེན་བྱེད་ཚད་དང་། སྒྲིག་འཛུགས་བྱེད་ཚད། མ་དངུལ་གཏོང་ཚད། ལས་དོན་ཚད་གཞི་བཅས་དམའ་རུ་མི་འགྲོ་བ་བྱས་ཡོད་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚན་ཁག་སྟོབས་ཆེར་གཏོང་རྒྱུ་དང་། དཔུང་ཁག་ལ་སྣེ་ཁྲིད་བྱ་རྒྱུ། ལམ་ལུགས་ལ་དམ་འཛིན་བྱ་རྒྱུ་བཅས་ཀྱི་ལས་དོན་བསམ་ཕྱོགས་གཞིར་བཟུང་། “གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་རིག་གནས་བྱང་ཚད་མཐོར་གཏོང་འདུ་འགོད”ལག་ལེན་ཧུར་ཐག་བསྟར་ཏེ་ཏང་ཡོན་ཚང་མ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མི་ཡོངས་གསོ་སྦྱོང་ནང་ཞུགས་སུ་བཅུག་ནས་གྲོང་ཚོའི་ལས་བྱེད་པའི་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་བཏང་བ་དང་། གཞི་རིམ་གྱི་ཏང་ཡོན་དཔུང་ཁག་སྟོབས་ཆེར་བཏང་བ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ཡོད་པ་རེད།

    རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་ལ་བསྐུལ་བ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཚོ(གྲོང་ལྷན)ཁག་ལ་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་བསམ་ཕྱོགས་གསལ་བཟོ་བྱེད་པ་དང་། འཕེལ་རྒྱས་གཏོང་ལམ་གནད་ལ་འཁེལ་པོས་འཚོལ་བ། འཕེལ་རྒྱས་འཆར་གཞི་ལེགས་པར་འགོད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་དང་ཕན་འབྲས་ཐོན་མགྱོགས་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐོག་ནས་ཁྱིམ་དུད་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། ཉིན་ལྟར་ཡོང་འབབ་ཡོད་པ་བཅས་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

    གནད་སྨིན་དབུལ་སྐྱོར་ལས་དོན་ཧུར་ཐག་སྤེལ་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ལ་དབུལ་ཕོངས་མང་ཚོགས་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པ་དང་། ཡིག་ཚགས་བཟོ་བ། གཱ་སྤྲོད་པ་བཅས་ཀྱི་ལས་དོན་སྤེལ་རོགས་བྱས་པ་དང་གཞན་ཡང“གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག”དང“གྲོང་ཚོ་གཅིག་ལ་ལས་རིགས་གཅིག”གི་དམིགས་ཚད་གཞིར་བཟུང་། མ་དངུལ་གཏོང་ཉུང་བ་དང་། དུས་ཡུན་ཐུང་བ། ཕན་འབྲས་ཐོན་མྱུར་བ་བཅས་ཀྱི་རྣམ་གྲངས་ཡོངས་སུ་ཁྱབ་པར་བྱས་ཡོད། ལོ་གཅིག་རིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོངཚོ(གྲོང་ལྷན)ལ་འཕེལ་རྒྱས་བསམ་ཕྱོགས་ཁག་4238གསལ་བཟོ་བྱེད་རོགས་བྱས་པ་དང་། འཕེལ་རྒྱས་གཏོང་ལམ་2480གནད་ལ་འཁེལ་པོས་འཚོལ་རོགས་བྱས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་1724བཟོ་རོགས་དང་། འཐུས་སྒོ་ཚང་དུ་གཏོང་རོགས། ལག་བསྟར་བྱེད་རོགས་བཅས་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་སྟེགས་བུ་སྐྲུན་རོགས་དང་། གྲོང་ཚོ(གྲོང་ལྷན)ཡི“རང་བརྟེན་ནུས་པ”ཆེ་རུ་གཏོང་རོགས། གྲོང་ཚོའི(གྲོང་ལྷན)རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རོགས་བཅས་ཀྱང་བྱས་ཡོད་པ་རེད།

    མང་ཚོགས་ལ་ཞབས་འདེགས་ཞུས་ནས་བྱ་བ་དངོས་བསྒྲུབས་པ།

    ལོ་གཅིག་རིང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ལ་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱ་རྒྱུར་གཞི་འཛུགས་པ་དང་། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་གླེང་མང་བའི་གནད་དོན་དང་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་དམ་འཛིན་བྱེད་འགོ་འཛུགས་པ། གཞི་རིམ་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་བྱ་བ་བསྒྲུབ་རྒྱུ་ནས་འགོ་འཛུགས་པ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཁྱིམ་དང་ཞིང་ནང་དུ་བསྐྱོད་དེ་གཤམ་སྤེལ་ལྔའི་བྱེད་སྒོ་ཐེངས་1231སྤེལ་བ་དང་། མ་དངུལ་སྒོར་ཁྲི་2121.12བཏང་བ། འགན་ལེན་ལྔའི་དུད་ཚང་དང་། དཀའ་ངལ་ཡོད་པའི་དུད་ཚང་། “4·25”ས་ཡོམ་ནང་གནོད་འཚེ་ཕོག་པའི་མང་ཚོགས་བཅས་མི་ཐེངས་75374ལ་འཚམས་འདྲི་བྱས་པ། ཁྱོན་སྒོར་ཁྲི་1290.77རི་བའི་འཚམས་འདྲིའི་དངུལ་དང་འཚམས་འདྲིའི་དངོས་པོ་སྤྲད་ནས་ཏང་གི་དྲོ་སྐྱིད་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཚོར་བ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།