དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ལོ་ལྔའི་ནང་མི་རེའི་ཆ་སྙོམས་ཚེ་ཚད་སླར་ཡང་ལོ་གཉིས་རིང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-12-03

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱས་པར། བོད་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཆུ་ཚད་ལེགས་སུ་ཆེས་ཆེར་བཏང་སྟེ་ལོ་ལྔའི་ནང་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70བར་དང་སླར་ཡང་ལོ་2རིང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    བོད་འདི་ཉིད་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ས་ཁུལ་དུ་གནས་ཡོད་པས། ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་ཡང་མི་འདང་བས་སྐབས་ཤིག་རིང་འཛམ་གླིང་ཐོག་མིའི་རིགས་འཚོ་སྡོད་བྱ་རྒྱུར་མི་འཚམ་པའི་ས་ཁོངས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲངས་གཞིའི་ཐོག་ནས་མངོན་པར། བོད་དུ་དེ་སྔ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ཡིན་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་43%ཡིན་པ་རེད། འཚོ་བའི་ཆུ་ཚད་མཐོ་རུ་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་68.17བར་རིང་དུ་སོང་བ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་ཀྱང16%མན་དམའ་རུ་ཕྱིན་ཡོད་པ་རེད།

    ལྷ་ས་ནས་བར་ཐག་སྤྱི་ལེ་1000ཙམ་ཡོད་པའི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཚེའུ་དཀར་མོ་གྲོང་ཚོར་ཤང་གྲོང་སྨན་པ་བཀྲ་ཤིས་སླེབས་པ་ནས་བཟུང་གྲོང་མི་ཚོ་ནད་གཞི་ཆུང་ཆུང་ན་སྐབས་ཐག་རིང་རྫོང་གྲོང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་ཀྱི་མེད། བཀྲ་ཤིས་ཀྱིས“ས་བབ་མཐོ་བའི་ས་ཁུལ་དུ་ཆམ་པ་རྒྱག་པ་དང་ཚ་བ་རྒྱས་ཚེ་གཟུགས་པོ་སྐྱོ་པོ་ཡོད་མཁན་གྱི་ཚེ་སྲོག་སྲུང་ཁག་པོ་རེད། ད་ཆ་སྨན་དང་སྨན་པ་ཡོད་པས་སྨན་བཅོས་བྱེད་སྐབས་འགན་ལེན་ཡོད་པ་དང་མིའི་ཚེ་ཚད་ཡང་རིང་དུ་འགྲོ་གི་ཡོད”ཅེས་བཤད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་དཔྱད་ཡིག་ཐོག་ནས་མངོན་པར། 2014ལོར་བོད་ཀྱི་མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་སྒོར་45ཡིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་10ཡིས་མཐོ་བ་ཡོད་པ་དང་། གཞན་ཡང་ཉེ་བའི་ལོ་ཤས་ནང་བོད་ཀྱིས་འགོ་ནད་རང་བཞིན་གྱི་ནད་གཞིར་ལྟ་དཔྱད་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ན་ནིང་འགོ་ནད་སྤྱིའི་ཐོན་ཚད་མི་ཁྲི་10ཡི་ནང་ནས་མི་340.18ཡིན་པ་དང་ཤི་ཚད་མི་ཁྲི་10ནང་ནས་མི་0.74ཡིན་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། ཉེ་བའི་ལོ་5ཡི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་40བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་། སྨན་བཅོས་ཞབས་ཞུའི་མ་ལག་དང་དེ་བཞིན་སྨན་རྩིས་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་རྒྱབ་སྐྱོར་བྱས་ཏེ། “གྲོང་ཚོ་གཅིག་ལ་འཕྲོད་བསྟེན་ཁང་གཅིག”ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས་བོད་ཀྱིས་ད་དུང་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། ད་ཆ་བོད་ཀྱི་གྲོང་ཚོ་ཚང་མར་འཕྲོད་བསྟེན་སྨན་པ་2རེ་ཡོད་པས་ཞིང་འབྲོག་ཁུལ་དུ་སྨན་པ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཁར། ཞིང་འབྲོག་པའི་ཚེ་སྲོག་བདེ་ཐང་ཡང་འགན་ལེན་ཤུགས་ཆེན་བྱས་ཡོད་པ་རེད།

    ལོ་80ལ་སླེབས་པའི་བོད་རིགས་རྒད་པོ་རྒྱ་མཚོ་སྙན་གྲགས་ཀྱིས“ད་ཆ་འཚོ་བ་ལེགས་སུ་ཕྱིན་པས་རྩམ་པ་དང་། མར། སྔོ་ཚལ། ཤིང་ཏོག ཀཱ་རིགས་བཅས་གང་དགོས་ཚང་མ་ཡོད་པ་མ་ཟད། ནད་གཞི་ཕོག་སྐབས་སྨན་བཅོས་འགན་ལེན་ཡོད་པས་བདག་ལོ་90བར་གསོན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།