ལྷ་ས་གྲོང་ཁྱེར་སེམས་སྐྱིད་སོལ་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་12པ་ནས་2016ལོའི་ཟླ་དང་པོའམ་ཡང་ན་ཟླ་གཉིས་པའི་བར་ནི་ལྷ་སར་རང་བྱུང་སོལ་རླངས་གཏོང་མང་བའི་དུས་ཡིན་སྟབས་ལྷ་ས་གྲོང་ཁུལ་གྱི་གྲོང་མིའི་རང་བྱུང་སོལ་རླངས་སྤྱོད་འབོར་མངོན་གསལ་གྱིས་མང་དུ་འགྲོ་ཡི་ཡོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ཆ་ལྷ་ས་གྲོང་ཁུལ་ཧྲིལ་པོར་ཚན་པ་300ལྷག་ཙམ་ཡོད་པ་དེ་དག་ལ་གཅིག་སྡུད་ཐོག་དྲོད་རླངས་གཏོང་རྒྱུ་ཡིན་པ་དང་། ད་བར་ཚན་པ་90ལྷག་ཙམ་ལ་དྲོད་རླངས་གཏོང་རྒྱུ་བདེ་བླག་བྱུང་ཡོད།
“ལྷ་ས་རང་བྱུང་སོལ་རླངས་ས་ཚིགས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་གཤེར་ལྡན་སོལ་རླངས་རླངས་འགྱུར་ས་ཚིགས་ཀྱིས་སོལ་རླངས་གཏོང་ནུས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་15ཟིན་ནས་ཉིན་རེར་སོལ་རླངས་སུ་འགྱུར་འབོར་ད་ཆ་གྲོང་མིའི་སྤྱོད་འབོར་ལས་ཆེས་ཆེར་མང་བས་སོལ་རླངས་ཀྱི་དགོས་མཁོ་བསྐངས་ཐུབ་ཀྱི་ཡོད”ཅེས་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས། ཟླ་10པ་བར་ལྷ་ས་གྲོང་ཁྱེར་རང་བྱུང་སོལ་རླངས་ས་ཚིགས་སུ་གཤེར་ལྡན་རང་བྱུང་སོལ་རླངས་གསོག་འཇོག་བྱེད་ཚད་ཧ་ལམ་ཏུན་630ཟིན་པས་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་ལྷ་ས་རང་བྱུང་སོལ་རླངས་ས་ཚིགས་ཀྱིས་གཤེར་ལྡན་རང་བྱུང་སོལ་རླངས་གསོག་ཚད་ཏུན་600ལྷག་ཙམ་ཟིན་པ་བྱས་ཏེ་ལྷ་སའི་གྲོང་མི་ཁྲི་20ཡི་སོལ་རླངས་ལ་བརྟེན་ནས་ལྟོ་ཆས་བཟོ་བ་དང་དྲོད་ལེན་འགན་ལེན་ཐུབ་རྒྱུ་ཡིན་པ་རེད།