རི་འཛེག་ནི་ངེས་པར་དུ་རིའི་རྩེ་མོར་འཛེག་དགོས་པ་ཞིག་མིན། རི་འཛེག་ནི་བརྒྱུད་རིམ་ཞིག་ཡིན་ལ། རིག་གནས་ཤིག་ཀྱང་ཡིན། འོན་ཀྱང་རྒྱལ་ནང་གི་རི་འཛེག་ལ་དགའ་མཁན་ཁག་གཅིག་གིས་རིའི་རྩེ་ལ་འཛེག་རྒྱུ་དེ་དམིགས་ཡུལ་འབའ་ཞིག་ཏུ་བརྩི་བ་དང་རང་ཉིད་རི་འཛེག་ལུས་རྩལ་ནང་ཞུགས་པ་དེ་རིའི་རྩེ་ལ་འཛེག་ཆེད་དུ་ཡིན་སྙམ་གྱི་ཡོད། རི་རྩེར་འཛེག་རྒྱུ་དེ་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་མིན། རི་རྩེར་འཛེག་ཆེད་གང་ལའང་མི་བལྟོས་པ་བྱ་རྒྱུ་མེད། ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་རྣམ་པར་ལྟ་བ་དང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་ཤེས་རྟོགས་ཐུབ་པ་བྱེད་དགོས། དེར་བརྟེན་རི་འཛེག་ལ་དགའ་མཁན་གྱིས་བག་ཡངས་ཀྱི་སེམས་ཁམས་དང་ལྟ་སྣང་གི་མིག་རྒྱང་ཐོག་ནས་རི་འཛེག་ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་དང་ཡུལ་གོམས་གཤིས་ལ་མྱོང་རོལ་ཐུབ་པ་བྱེད་དགོས།
རི་འཛེག་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་བརྟེན་ནས་མི་རྣམས་ཕན་ཚུན་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆོག བསྡོམས་རྩིས་ལ་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་ཕྱི་རོལ་ལུས་རྩལ་ལ་དགའ་པོ་བྱེད་མཁན་དུང་ཕྱུར་1.3ཡོད། བོད་དུ་རི་མང་པོ་ཡོད་པས་དེ་ནི་འཛམ་གླིང་ས་གནས་ཁག་གི་རི་འཛེག་ལ་དགའ་མཁན་ཚོའི་སྤྲོ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན། རི་འཛེག་ནི་ལུས་རྩལ་ཞིག་ཡིན་ལ། རིག་གནས་ཤིག་ཀྱང་ཡིན། རྒྱལ་ཁབ་ཅིག་གི་དཔལ་འབྱོར་སྟོབས་ཤུགས་དུས་མཚམས་ཤིག་ཏུ་འཕེལ་རྒྱས་ཕྱིན་རྗེས། རྒྱལ་དམངས་ཀྱི་རིག་གནས་འཛད་སྤྱོད་ཀྱི་དགོས་མཁོ་མངོན་གྱི་ཡོད། རི་འཛེག་ལུས་རྩལ་གྱིས་ལུས་རྩལ་པའི་རི་འཛེག་ལས་སྒོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་ཐེབས་པ་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་དང་། མི་རིགས་དང་མི་རིགས་དབར། མི་དང་མིའི་དབར་བཅས་ཀྱི་བར་ཐག་ཉེ་རུ་འགྲོ་ཐུབ་པ་མ་ཟད། རྒྱལ་ཁབ་དང་། མི་རིགས། ས་ཁོངས་བཅས་མི་འདྲའི་དབར་གྱི་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་ཐུབ།
རི་འཛེག་རིག་གནས་འཕེལ་རྒྱས་བཏང་ནས་དཔལ་འབྱོར་འཕར་གནས་གསར་པ་སྐྱེད་སྲིང་བྱེད་དགོས། 2014ལོའི་ཟླ་བཅུ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལུས་རྩལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ཁྱབ་བསྒྲགས་བྱས་ཏེ་ལུས་རྩལ་ཐོན་ལས་དེ་ལྗང་མདོག་ཐོན་ལས་དང་ཉི་གཞོན་ཐོན་ལས་སུ་བརྩིས་ནས་སྐྱེད་སྲིང་རོགས་སྐྱོར་བྱས་ཏེ་ཕྱི་རོལ་གྱི་ལུས་རྩལ་དེ་ལྗང་མདོག་དང་ཉི་གཞོན་གྱི་བླང་བྱ་ལྟར་འཚམ་བཞིན་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྱང་《ལུས་རྩལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》བཏོན་ནས“ཁྱད་ལྡན་ལུས་རྩལ་ཐོན་ཁུངས་གསར་སྤེལ་བྱེད་དགོས་པ་དང་། ལུས་རྩལ་ཐོན་ལས་ཞབས་ཞུའི་མ་ལག་གཏོད་དགོས་པ། ཧི་མ་ལ་ཡའི་རི་འཛེག་རིག་གནས་ལྟེ་གནས་གཏོད་དགོས་པ། རྒྱལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་གྱི་ལྗོངས་ཆེན་བསྐྲུན་དགོས་པ། ས་མཐོའི་ཁྱད་ལྡན་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ”བཅས་ཁ་གསལ་བཏོན་ཡོད། ཕྱི་རོལ་གྱི་ལུས་རྩལ་དང་། རིག་འཛེག་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཕྱིན་པ་དང་ཉུང་བ་ནས་མང་བའི་བར་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་གྱི་འཕར་གནས་གསར་པར་འགྱུར་བཞིན་ཡོད།