ཕུགས་འདུན་གྱིས་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ། ཕུགས་འདུན་གྱིས་འབྱུང་འགྱུར་འགྲུབ་ཐུབ།
“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་ཕུགས་འདུན་རླབས་ཆེ་ཤོས་དེ་རེད”2012ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས《བསྐྱར་དར་ལམ་བུར》གཟིགས་སྐོར་གནང་སྐབས“ཀྲུང་གོའི་ཕུགས་འདུན”ཞེས་པ་བཏོན་གནང་མཛད་པ་དང་། ལོ་གསུམ་རིང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་གྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་རིགས་ཁག་གི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད། ཕུགས་འདུན་དེ་དོན་དངོས་སུ་འགྱུར་བ་དང་། བོད་ལ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ། མི་རིགས་ཁག་གི་མི་དམངས་ཚོ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བཅས་ཡོང་བ་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཞིག་རེད།
ཕུགས་འདུན་དེར་དམིགས་ནས་ང་ཚོས་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ཏེ་དཔལ་འབྱོར་ལ་སྐུལ་མ་བཏང་བས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་བྱུང་བ་དང་། ཕུགས་འདུན་དེར་དམིགས་ནས་ང་ཚོས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་གྲུབ་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་འགན་ལེན་བྱས་ཡོད།ཕུགས་འདུན་དེར་དམིགས་ནས་ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པས་མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་གང་ལེགས་བྱུང་ནས་བདེ་སྐྱིད་ཚོར་སེམས་དང་མོས་སེམས་ཆེས་ཆེར་སོང་བ་སོགས་ཀྱིས་ད་ཆའི་བོད་འདི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་བྱུང་ནས་ཀྲུང་གོའི་ཕུགས་འདུན་གྱི་འོད་སྟོང་འཕྲོ་བའི་བོད་ཀྱི་ལེའུ་དེ་གངས་ལྗོངས་ས་མཐོར་ཅི་དགར་རྩོམ་བཞིན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་འབྱུང་འགྱུར་ལ་ཧུར་བསྐྱེད་ཡར་བརྩོན་ཡོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ་ཕུགས་འདུན་འགྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་འཕེལ་བ་ཡོད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཕྱིར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་དྲང་ནུས་སྟོབས་ཆེན་གཅིག་ཏུ་འགྲིལ་ཡོད་པ་རེད།
ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་དགོས། འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པ་དང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་མ་བཏང་ཚེ་གཞི་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྔར་བས་འབྱོར་ཕྱུག་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་འདོད་བློ་སྐོང་ཐུབ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རིང་གི་རང་རྒྱལ་གྱི་འཕེལ་རྒྱས་འཆར་གཞི་བཀོད་ཡོད། ང་ཚོས་ཀྲུང་གོའི་ཕུགས་འདུན་ལ་བརྟེན་ནས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་། ཁྱད་ཆོས་གསར་པ། ཆོས་ཉིད་གསར་པ་བཅས་སྔར་བས་ལེགས་པའི་སྒོ་ནས་སྟངས་འཛིན་དང་འཚམ་པ་བྱས་ནས་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་དང་འགག་སྒྲོལ་དཀའ་སེལ་ཐུབ་པ་བྱེད་དགོས།
ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱུང་ཚེ་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་ལས་རིགས་ཉམས་པ་སོར་ཆུད་དང་གོང་འཕེལ་ཡོང་ཐུབ། ང་ཚོས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པའི་ཐོག་བཞག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ལ་དམིགས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་གིས་བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱས་ནས་མི་རིགས་ཁག་གི་མི་དམངས་ཚོས་ཞི་མཐུན་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་རེ་བྱེད་པར་ལན་འདེབས་དགོས།
ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། ཀྲུང་གོའི་ཕུགས་འདུན་ནི་དམངས་ཕྱུག་ཕུགས་འདུན་དང་དམངས་འཚོ་བདེ་སྐྱིད་ནི་ཀྲུང་གོའི་ཕུགས་འདུན་གྱི་འགྲེལ་བཤད་ཡག་ཤོས་རེད། “ས་ཁུལ་དབུལ་པོ་གཅིག་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གདོང་མཆོང་དུང་བརྡ་བཏང་ཟིན་ནས་ཕུགས་འདུན་བསྒྲུབ་ཕྱིར་སྒུལ་ཤུགས་འཛད་མཐའ་མེད་པ་བསྣན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་དེ་གནས་བབ་མཐོ་ཤོས་སུ་བཞག་ནས་དམངས་ཕན་གྱི“བྱ་བ་དངོས་ཁག་བཅུ”ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་གྱི་ཕུགས་འདུན་ལ་བོད་དུ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱེད་དགོས།
ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་ངེས་པར་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ལྟ་བུ་ཞིག་དང་ཆེས་ཡོངས་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཅིག་རེད། བོད་ནི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་རེད། ང་ཚོས་རང་བྱུང་ཁམས་གལ་ཆེན་པོར་འཛིན་པ་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས“འཛམ་གླིང་ཐོག་གི་ཆེས་མཐའ་མའི་དག་ཞིང”བོད་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས།
ཕུགས་འདུན་འགྲུབ་པར་ཀྱོག་ལམ་མང་། རླབས་བཤགས་མདུན་སྐྱོད་འབད་འབུངས་དགོས། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཕྲག་ཐོག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕུགས་འདུན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ། དམངས་སེམས་གཅིག་མཐུན། བློ་སྟོབས་གཅིག་སྒྲིལ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཧུར་ཐག་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།