དབུ་ཤོག>གསར་འགྱུར།
  • “དམངས་འཚོའི་ལས་གྲྭས”དམངས་སེམས་ལ་མི་གནོད་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-01

    འགན་སྲུང་ཁང་པ་ཆ་ཚང་སུམ་ཁྲི་ལྷག་ཙམ་བེད་མེད་དུ་བཞག་པ་དེ་རྩིས་བཤེར་ཧྲུའུ་ཡིས་ཡོངས་བསྒྲགས་བྱས་རྗེས། སྨྱན་སྦྱོར་གྱིས་བཅར་འདྲི་བྱེད་སྐབས། གོ་ཐོབ་སྦས་སྐུངས་དང་གཡོལ་ནས་ལན་མ་བརྒྱབ་གཤིས། ཀུའེ་དབྱང་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་། ཚེས་23ཉིན་གོ་གནས་མེད་པར་བཟོས་པ་རེད། སྤྱི་ཚོགས་ཀྱི་དོ་སྣང་བྱུང་བའི་དོན་རྐྱེན་དེ་ལྟ་སྣང་མཇུག་འགྲིལ་ཤས་ཆེ་མོད། འོན་ཏེ་དམར་རྗེན་དུ་བཏོན་པའི་གནད་དོན་གྱིས་མི་རྣམས་ལ་དྲན་སྐུལ་བྱེད། འགན་སྲུང་ཁང་པ་ནི་མི་སེར་མང་པོའི་བདེ་སྡུག་དང་འབྲེལ་བ་ཡོད་པས

    ད་ཕན་ལོ་ཤས་རིང་བེད་མེད་དུ་བཞག་པའི་གནད་དོན་དེ་འགན་སྲུང་ཁང་པའི་འཛུགས་སྐྲུན་ནང་མངོན་གསལ་ཇེ་ཆེར་འགྲོ་གི་ཡོད། རྩིས་བཤེར་ཧྲུའུ་ཡི་སྤྱི་བསྒྲགས་ལ་གཞིགས་ན། ཀུའེ་དབྱང་ས་གནས་ཕུད་ད་དུང་ཞིང་ཆེན་བཞིའི་གྲོང་ཁྱེར་དང་རྫོང་ཁག་གཅིག་ཏུ་འགན་སྲུང་ཁང་པ་ཆ་ཚང་ཆིག་ཁྲི་ཙམ་བེད་མེད་དུ་བཞག་པ་རྩད་ཆོད་ཡོད། བེད་མེད་དུ་འཇོག་རྐྱེན་ཕྱི་ཚུལ་ཐོག་ཤོད་སྟངས་སྣ་ཚོགས་ཡོད་པ་དཔེར་ན། ཀུའེ་དབྱང་གྲོང་ཁྱེར་གྱི་ཤོད་སྟངས་གཙོ་བོ་ནི་གློག་མཁོ་འདོན་དང་། བཙོག་ཆུ་ཕྱིར་འབུད། གྲོང་གསེབ་འགྲོ་ལམ་སོགས་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པ་དེ་རེད། གནས་ཚུལ་དེ་རིགས་འོག་མི་རྣམས་ཀྱིས་གློག་དང་འགྲོ་ལམ་མེད་པ་དང་ཐ་ན་བཙོག་ཆུ་ཕྱིར་འབུད་བྱ་ཡུལ་མེད་པའི་འགན་སྲུང་ཁང་པའི་ནང་སྡོད་འདོད་ག་ལ་སྲིད།

    དོན་དངོས་ཐོག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ས་གནས་ཁག་ལ་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་དང་འགན་སྲུང་ཁང་པའི་ལས་གྲྭ་གོམ་སྟབས་གཅིག་མཚུངས་ངང་འཆར་འགོད་དང་། དུས་མཚུངས་འཛུགས་སྐྲུན། དུས་གཅིག་ཏུ་རྩིས་སྤྲོད་བེད་སྤྱོད་བཅས་བྱས་ནས་ལེགས་གྲུབ་བྱུང་བའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུས་ཐོག་ཏུ་བེད་སྤྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། 2013ལོ་ནས་བཟུང་། ཀྲུང་དབྱང་གིས་ལྷན་སྦྱར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་ཆེད་མངགས་བཀོད་སྒྲིག་བྱས་ཡོད།

    དེར་བརྟེན་རྩིས་བཤེར་ཧྲུའུ་ཡིས་རྩད་ཆོད་པའི་ཁང་པ་ཆ་ཚང་ཆིག་ཁྲི་ཙམ་བེད་མེད་དུ་བཞག་པའི་འགན་སྲུང་ཁང་པའི་མདུན་དུ། མི་རྣམས་ཀྱིས་ཀུའེ་དབྱང་གི་འགན་སྲུང་ཁང་པའི་འཆར་འགོད་དེ་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་གོམ་སྟབས་གཅིག་མཚུངས་ངང་བསམ་གཞིག་མི་བྱེད་པ་ཅི་ཡིན་ནམ་། ཀྲུང་དབྱང་གིས་ཆེད་མངགས་བཀོད་སྒྲིག་བྱས་པའི་མ་དངུལ་ཚང་མ་གང་དུ་སྤྱད་པ་ཡིན་ནམ་ཞེས་དྲི་དགོས་པར་གྱུར།

    འགན་སྲུང་ཁང་པ་འཆར་འགོད་དང་། མ་དངུལ་གྲབས་གསོག བཤིག་སྤོ། བགོ་བཤའ་སོགས་ལས་རིགས་མང་པོ་དང་འབྲེལ་བ་ཡོད་པ་དང་ལས་ཀར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱ་གཞག་བསྒྲུབས་ནས་སེམས་ལ་མི་སེར་བཞག་ཚེ་གཞི་ནས་བྱ་བ་བཟང་པོ་སྒྲུབ་ཐུབ་པ་དང་བྱ་བ་དངོས་སྒྲུབ་ཐུབ། བེད་མེད་དུ་བཞག་པའི་འགན་སྲུང་ཁང་པ་དེ་མེ་ལོང་ཞིག་དང་འདྲ་བར་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སེམས་ལ་མ་བཞག་པ་དེ་དག་ཇི་མ་ཇི་བཞིན་མངོན་ཐུབ།

    ད་ཆ་འགན་སྲུང་ཁང་པ་གཞི་རྒྱ་ཆེན་པོས་ལས་འགོ་ཚུགས་པའི་དུས་ཚོད་མཇུག་འགྲིལ་ནས་བགོ་བཤའ་དང་དེའི་ནང་སྡོད་པའི་དུས་ཚོད་ཡིན་ཞིང་། རྨང་གཞིའི་སྒྲིག་བཀོད་དོན་ཐོག་ཏུ་མི་འཁྱོལ་བའི་འགན་སྲུང་ཁང་པའི་ཁུལ་ཆུང་གི་དུས་ཐོག་ཏུ་ལེགས་པར་བསྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་འགན་སྲུང་ཁང་པའི་དཔྱད་ཞིབ་མ་ལག་འཐུས་ཚང་དུ་བཏང་སྟེ། དེའི་ནང་སྡོད་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་སོགས་ཀྱི་ཚད་གཞིར་བསམ་གཞིག་བྱེད་དགོས། འགན་སྲུང་ཁང་པའི་ལས་དོན་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱས་ཚེ། གཞི་ནས“དམངས་འཚོའི་ལས་གྲྭས”དམངས་སེམས་ལ་དྲོ་སྐྱིད་སྦྱིན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།