དབུ་ཤོག>གསར་འགྱུར།
  • བོད་ཀྱིས་འདི་ལོའི་ནང་ཚུན་དུ་སྔོན་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་10ཉུང་དུ་གཏོང་ཐུབ་རེ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-01

    ཚེས་27ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་2015ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་ཆེད་དོན་ནོར་སྲིད་དབུལ་སྐྱོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་16.7ལས་བརྒལ་བས་སྔོན་རྩིས་བྱས་ན་ལོའི་ནང་ཚུན་དུ་མི་འབོར་དབུལ་པོ་ཁྲི་10ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་ཀྱི་དབུལ་སྐྱོར་དང་ཆེད་དོན་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་སོགས་དབུལ་སྐྱོར་གྱི་རྣམ་པ་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་བཏང་བས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་དབུལ་སྐྱོར་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ལྗོངས་སུ་རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་74.2བཏང་བ་དང་འཆར་འགོད་མ་རྩའི་172%ལེགས་གྲུབ་ཟིན་པ་དང་དབུལ་པོ་32.95%བར་ཉུང་དུ་ཕྱིན་ཡོད་པ་རེད། ཁྱབ་བསྒྲགས་གསར་ཤོས་ཀྱི་དབུལ་སྐྱོར་འཆར་གཞིར་གཞིགས་ན་2020ལོར་སླེབས་སྐབས་བོད་ཀྱིས་ནུས་ཤུགས་ཡོད་རྒུས་ད་ཡོད་ཀྱི་རྫོང་དབུལ་པོ་74ཡོད་པ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ནས་དབུལ་པོ་ཐོན་ཚད་5%བར་དམའ་རུ་འགྲོ་བའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།

    དམིགས་བསལ་གྱི་ས་ཁམས་དང་ལོ་རྒྱུས་སོགས་ཀྱིས་རྐྱེན་པས་ཡུན་རིང་ནང་། བོད་ལྗོངས་ནི་རང་རྒྱལ་གྱི་ཆེས་དབུལ་པོའི་ས་ཁུལ་གྱི་གྲས་ཤིག་ཡིན། མིག་སྔར། བོད་ལྗོངས་སུ་དབུལ་པོའི་མི་འབོར་གྱི་གཞི་གྲངས་མང་བ་དང་། དབུལ་པོ་གཅིག་སྡུད་ཡུག་འབྲེལ་ཡིན་པ། ཆ་ཤས་སུ་དབུལ་པོ་མངོན་གསལ་དོད་པ། དབུལ་པོའི་ཚད་གཞི་ཟབ་པ། དབུལ་ལོག་གི་སྣང་ཚུལ་ཡོངས་ཁྱབ་ཆེ་བ། བལྟོས་བཅས་ཀྱི་དབུལ་པོ་མངོན་གསལ་དོད་པ་སོགས་ཀྱི་དཀའ་ངལ་སྔར་བཞིན་འཕྲད་ཡོད་ལ། མིའི་འཚོ་སྡོད་ཁོར་ཡུག་ཞན་པ། ཐོན་སྐྱེད་ཀྱི་རྣམ་པ་རྗེས་ལུས་ཡིན་པ། དབུལ་པོའི་མི་འབོར་གྱི་བྱང་ཚད་དམའ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་འགོག་རྐྱེན་ཡང་བཟོ་བཞིན་ཡོད། རང་རྒྱལ་གྱིས་དབྱེ་འབྱེད་གཏན་འབེབས་བྱས་པའི་ལོར་ཡོང་འབབ་སྒོར་2300ཡི་དབུལ་པོའི་མཚམས་ཐིག་གི་ཚད་གཞི་གསར་པར་གཞིགས་ན། 2010ལོའི་ལོ་མཇུག་ཏུ་བོད་ཀྱི་མི་འབོར་དབུལ་པོ་ནི་ཁྲི་83.3ཡིན་པ་དེ་ཞིང་འབྲོག་ཁུལ་གྱི་མི་འབོར་གྱི་34.42%ཟིན་ནས་དབུལ་པོ་ཐོན་ཚད་རྒྱལ་ཡོངས་ཀྱི་མཐོ་ཤོས་སུ་སླེབས་ཡོད་པ་རེད།

    མིག་སྔར། བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་དང་ཆབ་མདོ། ནག་ཆུ་བཅས་ཀྱི་མི་འབོར་དབུལ་པོས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་74.39%བཟུང་བའི་ས་ཁུལ་དག་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་དུ་བརྩིས་པ་མ་ཟད། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་རྣམ་གྲངས་དང་། ཐོན་ལས། བདེ་སྡོད། གནས་སྤོ། ལས་ཞུགས། རྩལ་ནུས། བོད་སྐྱོར་བཅས་དེ་བཞིན་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་དབུལ་ཕོངས་མི་འབོར་གྱི་དབུལ་སྒྲོལ་གནད་དོན་གཞི་རྩའི་ཐོག་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།