དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་མང་དུ་བཏང་ནས་དམངས་འཚོའི་དཀའ་གནད་སེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-11-30

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། དགུན་ཁ་ཤར་བ་དང་བོད་ལྗོངས་ལྷ་སའི་གནམ་གཤིས་ཇེ་གྲང་དུ་སོང་ནའང་། ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་དུ་སྡོད་པའི་མི་ཧྲེང་བགྲེས་སོང་ཟླ་བ་བཀྲ་ཤིས་ཀྱི་སེམས་སུ་དྲོ་སོབ་སོབ་ཀྱི་སྣང་བས་ཁྱབ། “སྤྱིར་ན་ང་ལ་ཕྲུ་གུ་མེད་ཀྱང་རྒན་གསོའི་ཁ་གསབ་དང་དུས་ཆེན་གྱི་ཁ་གསབ་ང་ལ་ཐེངས་གཅིག་ཀྱང་ཆད་མྱོང་མེད་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་ཟླ་བ་བཀྲ་ཤིས་ཀྱིས་བརྗོད།

    གསར་འགོད་པས་ཚེས་27ཉིན་ལྷ་ས་གྲོང་ཨུད་ནས་ཤེས་རྟོགས་བྱས་པ། ད་ལོའི་ཟླ་1པོ་ནས་10པའི་རིང་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་79.57བཏང་བ་དེ་དུས་མཚུངས་ལས་95.43%འཕར་ནས་དམངས་འཚོའི་དཀའ་ངལ་སྣ་ཚོགས་ནུས་ལྡན་ངང་བསལ་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་ལ་མ་དངུལ་སྒོར་དུང་ཕྱུར་6.68བཏང་བ་དེ་དུས་མཚུངས་ལས་23.78%འཕར་ནས་སྤྱི་ཚོགས་ཀྱི་ཚོགས་སྤྱི་ཉམས་ཞན་གྱི་འཚོ་བ་ལེགས་སུ་བཏང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་དང་པོ་ནས་བཅུ་པའི་བར་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་ལ་བཏང་བའི་མ་དངུལ་དུས་མཚུངས་དང་བསྡུར་ན་61.98%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཆ་རྐྱེན་དང་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་བ་དང་སྨན་ཁང་ཁག་གཅིག་ཏུ་ཚོད་ལྟའི་ལག་བསྟར་བྱེད་པའི“སྔོན་ལ་བརྟག་དཔྱད་བྱེད་པ་དང་དེ་རྗེས་རྩིས་རྒྱག་པའི”ལམ་ལུགས་ཀྱིས་ཞིང་འབྲོག་མང་ཚོགས“ནད་ལྟ་དཀའ་བའི”གནད་དོན་ཐག་གཅོད་བྱུང་ཡོད།

    འདི་ལོ་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་ཡུལ་མི་ལྷ་མོ་ཚེ་རིང་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས། མཁྲིས་པ་ཁུམ་པའི་ནད་ཡོད་པ་ཤེས། ཟླ་བ་གཅིག་ཙམ་རིང་གི་དུས་ཚོད་ནང་ཉིན་དང་པོར་Bསྒྲ་རླབས་ཀྱི་བརྟག་དཔྱད་དང་ཁྲག་བརྟག་དཔྱད་བྱས་པར་སྨན་རིན་སྒོར་110བཏང་བ་ཕུད་དེ་བྱིངས་སྨན་རིན་ཚང་མ་སྨན་ཁང་གིས་སྔ་འདོན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མི་དམངས་སྨན་ཁང་གི་ཡོའན་ཀྲང་གཞོན་པ་བཀྲ་ཤིས་ཚེ་རིང་གིས“སྲིད་གཞུང་གིས་སྨན་བཅོས་ཁྱབ་ཁོངས་སུ་གཏོང་ཆ་མང་དུ་བཏང་བ་དང་དངུལ་སྔ་འདོན་ལག་ལེན་བསྟར་བ་དེས་སྨན་ཁང་གིས་ནད་པར་སྨན་རིན་ཚ་འདེད་གཏོང་བའི་དཀའ་རྙོག་སེལ་ཐུབ་པ་བྱུང་བ་མ་ཟད། སྨན་ཁང་དང་ནད་པའི་དབར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་མ་ཐེབས་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།