ད་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་གསར་སྤེལ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཁ་ཕྱོགས་ཡང་དག་བཙལ་ནས་ཁྱོན་ཡོངས་སྐུལ་འདེད་དེ་གནད་སྨིན་དབུལ་སྐྱོར་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་ནས་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡོད།
ཡིག་ཚགས་དང་གཱ་བཟོས་ནས་དབུལ་པོའི་ཆ་འཕྲིན་གྱི་རྨང་གཞིའི་གཞི་གྲངས་འཐུས་ཚང་དུ་གཏོང་བ། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་ས་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྫོང་དང་ཤང་རིམ་པ་གཉིས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དབུལ་སྐྱོར་བྱ་ཡུལ་གྱི་ཐོག་མའི་གདམ་གསེས་དང་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་སྤེལ་ཏེ་བསྡོམས་རྩིས་གཞི་གྲངས་ཡང་དག་དང་། འཕྱུག་པ་མེད་པ། ཆ་ཚང་བཅས་བྱེད་ཐུབ་པའི་བརྩོན་ལེན་བྱས་ཏེ་གནད་སྨིན་དབུལ་སྐྱོར་ལ་གཞི་འཛིན་ས་བརྟན་པོ་མཁོ་འདོན་བྱེད་ཀྱི་ཡོད།
ཡུལ་བབ་དང་བསྟུན་ནས་ཕྱུག་འགྱུར་འབབ་འཕར་གྱི་སྟེགས་བུ་སྐྲུན་པ། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་བསམ་ཕྱོགས་གསལ་བཟོ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཚོའི་གནས་ཚུལ་དང་དམངས་འདོད་ལ་གཞི་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པའི་དཔལ་འབྱོར་དངོས་ཚན་བཏོད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐུབ་ཆེད་སྟེགས་བུ་བསྐྲུན་ཡོད། བདེ་སྐྱིད་གླིང་གྲོང་རྡལ་ནུབ་རི་གྲོང་ཚོར་བཅའ་སྡོད་རིན་སྤུངས་རྫོང་གི་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་བོད་ལྷམ་བཟོ་རྩལ་ཧ་ཅང་ཡག་པོ་ཡོད་པ་ཤེས་ནས་རྫོང་དབུལ་སྐྱོར་གཞུང་དོན་ཁང་ནས་མ་དངུལ་སྒོར་ཁྲི་25བརྩོན་ལེན་བྱས་ཏེ་མཉམ་ལས་ཁང་གི་ལས་སྒོའི་ཁང་པ་ཡག་པོ་བསྐྲུན་པ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ལག་རྩལ་གསོ་སྐྱོང་དངུལ་སྒོར་ཁྲི་5བརྩོན་ལེན་བྱས་ཏེ་མཉམ་ལས་ཁང་བདེ་བླག་ངང་ལས་གཉེར་ཐུབ་རྒྱུར་རོགས་རམ་བྱས་པ་རེད།
གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དཔེ་སྟོན་དང་ཁྲིད་སྟོན་གྱི་ནུས་པ་འདོན་པ། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་གྲོང་ཚོ་དང་དུད་ཚང་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མ་དངུལ་དང་། ལག་རྩལ། ཞབས་ཞུ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་མང་ཚོགས་དེ་བས་མང་བ་ལས་གཏོད་ཐུབ་རྒྱུར་སྣེ་ཁྲིད་བྱས་པས་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད། སྲད་ཤང་སྤང་སྤེལ་གྲོང་ཚོར་བཅའ་སྡོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ལས་དོན་རུ་ཁག་གིས་ཞིང་ལས་ལག་རྩལ་དང་། ཚན་རྩལ། ཞིང་ལས་དངུལ་ཁང་སོགས་ཚན་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས“སྒོ་རྩར་ཞབས་ཞུའི”བྱེད་སྒོ་སྤེལ་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཐོན་སྐྱེད་དང་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་པ་དང་ཐོན་སྐྱེད་མ་དངུལ་མཐུན་སྦྱོར་བྱེད་རོགས་བྱས་ནས་མང་ཚོགས་ལ་རྣམ་གྲངས་རྒྱ་སྟོབས་ཆེ་རུ་གཏོང་ཆེད་ཐབས་འདོན་ཇུས་འགོད་བྱས་པ་རེད། མིག་སྔར་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣས་འདེབས་གསོའི་དུད་ཆེན་10ལྷག་ཙམ་དང་དབུལ་སྐྱོར་ཆ་སྒྲིག་བྱས་པ་རེད།