ཙུང་ལི་ལི་ཁེ་ཆང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས། དྲ་སྦྲེལ་+གྱི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱེད་དགོས”ཞེས་བཏོན་ནས“དྲ་སྦྲེལ་+”རྒྱལ་ཁབ་ཀྱི་རིམ་པ་མཐོ་སར་བཞག་ཡོད། “དྲ་སྦྲེལ་+”ཟེར་བ་ཅི་ཞིག་ཡིན་ཞེ་ན། མི་མང་པོར་ཆ་མཚོན་ན། རྒྱུས་མངའ་མེད་པ་མིན་པར་ཉེ་ཆར་གནས་ཚུལ་སྤེལ་བའི་ཁྲོད་ཡང་ཡང་ཐོན་པའི་མིང་བརྡ་དེ་མི་མི་ཉུང་བས་གསལ་པོ་རྟོགས་ཀྱི་ཡོད།
“དྲ་སྦྲེལ་+”ཀྱི་འཐབ་ཇུས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེང་ཤུན་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་CEOགཅིག་ལྕོགས་མ་ཧྭ་ཐེང་གིས་ད་ལོ་མི་དམངས་འཐུས་ཚོགས་ལ་གྲོས་འགོ་བཞི་བཏོན་པའི་གྲས་ཤིག་རེད། མ་ཧྭ་ཐེང་གིས“དྲ་སྦྲེལ་+”ཀྱི་འཐབ་ཇུས་ནི་དྲ་སྦྲེལ་ལས་སྟེགས་དང་ཆ་འཕྲིན་འཕྲིན་གཏོང་གི་ལག་རྩལ་ལ་བརྟེན་ནས་དྲ་སྦྲེལ་དང་སྲོལ་རྒྱུན་ལས་རིགས་ཚུད་པའི་ལས་རིགས་ཁག་ཟུང་འབྲེལ་བྱས་ནས་ཁྱབ་ཁོངས་གསར་པའི་ནང་སྣོད་བཅུད་གསར་པ་ཞིག་གཏོད་པ་ཡིན་ཞེས་འགྲེལ་བཤད་བྱས།
རང་ལྗོངས་སུ“དྲ་སྦྲེལ་+”ནི་གསར་པ་གང་ཡང་མིན་ཏེ། བོད་ལྗོངས་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག རང་ལྗོངས་ཀྱིས་ཐེངས་དང་པོར“དྲ་སྦྲེལ་+”ཀྱི་བྱེད་ཐབས་ལ་བརྟེན་ནས་ཐའོ་པའོ་དང་མཉམ་ལས་བྱས་ཁར། གློག་རྡུལ་ཚོང་དོན་གྱི་རྣམ་པ་སྤྱད་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་། ཁྱབ་སྤེལ། ཕྱིར་ཚོང་བཅས་བྱས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། འགོ་ཚུགས་ཉིན་དེ་རང་དུ་། ཚོང་འབོར་སྒོར་ཁྲི་330ཟིན་ཡོད། རིགས་གཅིག་མཁས་ཅན་གྱིས་བརྗོད་པ་ལྟར་ན། བོད་ལྗོངས་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག སྲོལ་རྒྱུན་རིག་གནས་དང་དེང་རབས་མཐོ་གསར་ཚན་རྩལ་གྱི་ལས་སྟེགས་ཡག་པོ་བསྐྲུན་པ་ལས་དེ་གཉིས་དབར་མཐུད་འབྲེལ་ནུས་ལྡན་བྱུང་བར་བརྟེན། ང་ཚོས་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡོད།
དྲ་སྦྲེལ་ལ་བརྟེན་ནས་ཐོན་ལས་རིམ་འཕར་དང་འཕེལ་རྒྱས་ཇི་ལྟར་ཡོང་བ་བྱ་རྒྱུ་ནི་རང་ལྗོངས་ཀྱི་ཁེ་ལས་ཀྱིས་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་ཡིན་ལ་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱིས་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་ཀྱང་རེད། “དྲ་སྦྲེལ་+”ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཇུས་འགོད་རྩེ་གྲས་རང་སྐྱོང་ལྗོངས་དང་ས་ཁུལ་གྱི“དྲ་སྦྲེལ་+”ཀྱི་འཕེལ་རྒྱས་འཐབ་ཇུས་བཟོ་བ་དང་། “དྲ་སྦྲེལ་+”ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་མཛུབ་ཁྲིད་བསམ་འཆར་གང་མགྱོགས་འདོན་པ། དྲ་སྦྲེལ་དང་ཐོན་ལས་སྣ་ཚོགས་མཉམ་འདྲེས་གསར་གཏོད་ལ་སྐུལ་མ་གཏོང་བ། ལག་རྩལ་དང་། ཚད་གཞི། སྲིད་ཇུས་སོགས་ཕྱོགས་མང་པོའི་ཐད་དྲ་སྦྲེལ་དང་རང་ལྗོངས་ཀྱི་སྲོལ་རྒྱུན་ལས་རིགས་མཐུད་འབྲེལ་གང་ལེགས་ཡོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཐོག རང་ལྗོངས་ཀྱི་ཐོན་ལས་མཐོ་གསར་ཚན་རྩལ་དང་དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་མ་ནུས་ལྡན་གཏོང་དགོས།