དབུ་ཤོག>གསར་འགྱུར།
  • ཆུ་མིག་དགུ་སྒྲིལ་ག་ལེ་བཞུགས། བུ་མོ་མི་སྡོད་ཚོང་ལ་འགྲོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-27

    ལོ་རྒྱུས་ཐོག་ཁམས་པའི་བུ་མོ་ཚང་མ་ཚོང་རྒྱག་མཁས་པོ་ཡོད། ད་ཆའང་བར་སྐོར་ཁྲོམ་གཞུང་དུ་ཚོང་རྒྱག་མཁན་ཕལ་ཆེ་བ་ནི་ཁམས་ནས་ཡིན་ཞིང་། བར་སྐོར་ཁྲོམ་གཞུང་གི་ལྷོ་རྒྱུད་དུ་གནས་པའི་ཉི་བཟང་བྲིན་པོ་ཞེས་པའི་ཚོང་རར་ཡང་མེ་ཏོག་མཚོ་མོ་ཞེས་པའི་ཁམས་པའི་བུ་མོ་ཞིག་ཡོད་ཅིང་། ཁོང་ལ་དེར་ཚོང་ཁང་གསུམ་ཡོད་པ་དང་རྒྱུན་དུ་ཡུལ་སྐོར་གྱི་དྲན་གསོའི་དངོས་པོ་འཚོང་གི་ཡོད།

    1985ལོར་མེ་ཏོག་མཚོ་མོ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ཞིང་འབྲོག་པའི་ཁྱིམ་དུ་སྐྱེས་ཤིང་། ཁྱིམ་ཚང་གི་འཚོ་བ་དབུལ་བར་བརྟེན། ཆུང་དུས་འུར་རྡོ་ཁྱེར་ནས་ཁྱིམ་མཚེས་ཀྱི་ལུག་འཚོ་བཞིན་ཡོད།

    ཆུང་དུས་ཀྱི་ལུག་རྫི་བུ་མོ་དེ་ལོངས་ཤིང་ད་ཆ་སྦྱིན་བདག་ཏུ་གྱུར་ཡོད་ལ། ཉི་བཟང་བྲིན་པོའི་ཚོང་རར་ཡུལ་སྐོར་གྱི་དྲན་གསོའི་དངོས་པོ་སྡེབ་ཚོང་བྱེད་ཀྱི་ཡོད། དགའ་འོས་པ་ཞིག་ལ་ཁོང་གི་ཡུལ་སྐོར་ཐོན་ཟོག་བོད་ཀྱི་ས་གནས་ཁག་ཏུ་བྲིན་ཁ་རྒྱུག་པ་མ་ཟད། ནང་སའི་ཞིང་ཆེན་ཁག་ནས་དྲ་ཐོག་ལས་ཉོ་མཁན་མང་པོ་ཡོད།

    འབྲོག་པའི་བུ་མོ་ཆུང་ཆུང་ཞིག་ནས་ཚོང་ཁང་གི་སྦྱིན་བདག་ཏུ་གྱུར་པའི་ཁོ་མོས་སློབ་སྦྱོང་དང་འཚར་ལོངས་ཀྱི་བཤུལ་ལམ་རིང་པོ་ཞིག་བརྒྱུད་མྱོང་ཡོད།

    ལོ་17ལ་སླེབས་སྐབས། མེ་ཏོག་མཚོ་མོ་ལྷ་སར་ཐོག་མར་བསྐྱོད་ཅིང་། ཕ་ཡུལ་གཅིག་པ་ཞིག་གི་རོགས་རམ་འོག་ཇ་ཁང་ཞིག་ཏུ་ཞབས་ཞུ་མ་བྱས། ལས་ཀ་རག་ཀྱང་ཁོང་བློ་ཡིད་ཚིམས་ནས་མ་བསྡད་པར་དགོང་མོ་ངལ་གསོའི་ཁོམ་པ་སྤྱད་དེ་མཚན་མོའི་སློབ་གྲྭར་བསྐྱོད་དེ་རྒྱ་ཡིག་དང་། བོད་ཡིག ཨང་རྩིས་བཅས་སྦྱངས།

    ཇ་ཁང་དུ་ལས་ཀ་ལོ་བཞི་ཙམ་བྱེད་རིང་། ཁོ་མོས་ཉིན་ལྟར་གཉིད་ཆུ་ཚོད་བཞི་ལས་མ་ཉལ་བར་སློབ་སྦྱོང་ཧུར་ཐག་བྱས། ཉིན་མོ་ཇ་ཁང་དུ་ལས་ཀ་བྱེད་དགོས་པ་དང་མཚན་མོ་སློབ་གྲྭར་འགྲོ་དགོས་པས་གཟུགས་པོས་ཨར་མ་བརྟེན་པར་ཟ་ཁང་དུ་ཐེངས་ཁ་ཤས་འགྱེལ།

    2005ལོར་ཁོ་མོས་ཇ་ཁང་གི་ལས་ཀ་བཞག་ནས་ཉིན་མོ་སློབ་སྦྱོང་དང་དགོང་མོ་ཁྲོམ་འདོན་འགོ་ཚུགས། “དེ་ལྟར་ཉིན་མོ་སློབ་སྦྱོང་བྱ་རྒྱུ་བྱུང་བས་སློབ་སྦྱོང་ཡར་རྒྱས་མགྱོགས་པོ་ཕྱིན་པ་དང་མཚན་མོ་ཁྲོམ་བཏོན་པས་ཟླ་ཕྱེད་ནང་ཇ་ཁང་གི་ཟླ་བ་གཅིག་གི་གླ་ཆ་རག་བྱུང”ཞེས་བརྗོད་བྱུང་།

    མི་ལ་བརྩོན་འགྲུས་ལྡན་པ་ན། མི་སྒྲུབ་བྱ་བ་གང་ཡང་མེད། ལོ་ལྔ་ཡང་མ་འགོར་བར་ཁོ་མོས་བོད་ཡིག་དང་རྒྱ་ཡིག་ཤེས་པ་མ་ཟད། རྒྱུན་སྤྱོད་ཀྱི་དབྱིན་ཡིག་ཀྱང་ཤེས།

    2007ལོར་སྟེས་དབང་གི་གོ་སྐབས་ཕྲད་དེ་བར་སྐོར་ཁྲོམ་གཞུང་ནས་ཁྲོམ་བཀྱག་ཅིག་བོགས་མར་བླངས་ནས་ཡུལ་སྐོར་གྱི་དྲན་གསོའི་དངོས་པོ་འཚོང་བའི་ལས་ལ་གཞོལ་ཞིང་། ལོ་ཤས་སོང་རྗེས། བོད་དུ་ཡུལ་སྐོར་བ་མང་དུ་སོང་བར་བརྟེན་ཁོ་མོའི་ཚོང་ཇེ་ཡག་ཏུ་སོང་ནས་ཡོང་འབབ་ཀྱང་མི་དམན་པ་ཞིག་རག 2012ལོར་བར་སྐོར་ལྷོ་ངོས་ཀྱི་ཉི་བཟང་བྲིན་པོ་ཞེས་པའི་ཚོང་ཁང་དུ་སྤོས་པ་མ་ཟད། གཡུ་ཐོག་ཚོང་ར་ཆེན་པོར་ཁོང་ལ་ཡན་ལག་ཚོང་ཁང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།