དབུ་ཤོག>གསར་འགྱུར།
  • ལྷ་སར་མངགས་ཆོག་པའི་སྤྱི་སྤྱོད་རླངས་འཁོར་དང་པོ་དེ་སྤྱོད་འགོ་ཚུགས་པ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-26

    ཉེ་དུས། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་ཀུང་སི་ནས་ཤེས་རྟོགས་བྱས་པར། རྒྱ་ཆེའི་གྲོང་མི་རྣམས་ལས་ཀར་འགྲོ་རྒྱུ་དང་ལས་ཐགབཅད་ནས་ཁྱིམ་དུ་ལོག་རྒྱུར་སྟབས་བདེ་སྐྲུན་ཆེད། ཀུང་སི་དེས་མངགས་ཆོག་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བུའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། 

    སྤྱི་སྤྱོད་རླངས་འཁོར་དེར་ཚོང་དོན་དུས་གཏན་རླངས་འཁོར་ཞེས་ཟེར་ཞིང་། སྤྱི་སྤྱོད་རླངས་འཁོར་དེ་རིགས་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དུ་སྔ་ས་ནས་དར་ཁྱབ་བྱུང་ཡོད། དེ་ཡང་སྡོད་གནས་ནས་ལས་ཁུངས་བར་དང་ལས་ཁུངས་ནས་སྡོད་གནས་བར་ཐད་ཀར་སྐྱོད་མཁན་གྱི་དུས་གཏན་རླངས་འཁོར་ལ་ཟེར་གྱི་ཡོད། གྲོང་མིས་ཆེད་མངགས་དྲ་ཚིགས་ཐོག་ནས་རེ་བ་བཏོན་ཚེ། སྤྱི་སྤྱོད་རླངས་འཁོར་ཀུང་སིས་གྲོང་མིའི་དགོས་མཁོ་དང་འགྲུལ་པ་མང་ཉུང་ལ་གཞིགས་ནས་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་ཀྱི་ཡོད། ད་ཆ་ལྷ་སར་ཡང“མངགས་ཆོག་པའི་སྤྱི་སྤྱོད་རླངས་འཁོར”སྤྱོད་འགོ་ཚུགས་ཡོད། 

    གསར་འགོད་པས་ཤེས་རྟོགས་བྱས་པར། མིག་སྔར་ལྷ་ས་གྲོང་ཁྱེར་དུ་མངགས་ཆོག་པའི་སྤྱི་སྤྱོད་རླངས་འཁོར་གཅིག་ཡོད་པ་དེ་ནི་བོད་ལུགས་གསོ་རིག་སློབ་གླིང་གིས་མངགས་པའི་སྤྱི་སྤྱོད་རླངས་འཁོར་ཡིན་ཞིང་། གྲོང་ཁུལ་ནས་གསར་སྤེལ་ཁུལ་དུ་ཡོད་པའི་ལྗོངས་བོད་སྨན་བཟོ་གྲྭར་ལས་ཀར་སྐྱོད་མཁན་གྱི་ལས་བཟོ་དབོར་ནས་ཟླ་གཅིག་ལྷག་ཙམ་སོང་ཡོད་པ་རེད། མངགས་ཆོག་པའི་སྤྱི་སྤྱོད་རླངས་འཁོར་དེས་རང་ཁྱིམ་ནས་ལས་ཀ་བྱེད་སར་ཐད་ཀར་དབོར་གྱི་ཡོད་པས་བདེ་འཇགས་ཀྱི་འགན་ལེན་ཡོད་ཁར་དགུན་དུས་གྲང་ངར་ཁྲོད་རླངས་འཁོར་སྒུག་ནས་སྡོད་དགོས་མེད། 

    གསར་འགོད་པས་ད་དུང་ཤེས་རྟོགས་བྱས་པར། ལས་ཁུངས་ཆེ་གྲས་ཀྱིས་ཚོགས་པའི་མིང་ཐོག་ནས་སྤྱི་སྤྱོད་རླངས་འཁོར་དེ་རིགས་མངགས་ཆོག་ལ། གྲོང་མིས་ཀྱང་ཚོགས་པ་བཟོས་ནས་མངགས་ཆོག སྤྱི་སྤྱོད་རླངས་འཁོར་ཀུང་སིས་གྲོང་མིའི་སྡོད་གནས་དང་ལས་ཁུངས་ལ་གཞིགས་ནས་སྤྱི་སྤྱོད་རླངས་འཁོར་དེ་རིགས་བཏང་སྟེ་རྒྱ་ཆེའི་གྲོང་མིར་སྟབས་བདེ་ཡོང་བ་བྱ་རྒྱུ་རེད། 

    གསར་འགོད་པས་ཤེས་རྟོགས་བྱས་པར། སྤྱི་སྤྱོད་རླངས་འཁོར་དེའི་ནང་མི་20ལྷག་ཙམ་གཤོང་ཐུབ་པ་དང་མི་རེས་ཉིན་རེར་སྒོར་15ཙམ་ལས་སྤྲོད་དགོས་མེད་པས། ཐག་རིང་སར་ལས་ཀར་འགྲོ་མཁན་གྱི་གྲོང་མིར་ཆ་བཞག་ན་ཧ་ཅང་སྟབས་བདེ་ལ། བདལ་གཏོང་རླངས་འཁོར་དང་བསྡུར་ན་དངུལ་གྲོན་དེ་བས་ཆུང་བ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།