དབུ་ཤོག>གསར་འགྱུར།
  • མངའ་རིས་ཀྱིས“དམངས་འཚོའི་དོན་དངོས་ཁག་བཅུ”ལག་བསྟར་བྱེད་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-26

    གསར་འགོད་པས་ཉིན་ཤས་གོང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་མངའ་རིས་ས་ཁུལ་གྱིས་2014ལོའི“དམངས་འཚོའི་དོན་དངོས་ཁག་བཅུ”ལག་བསྟར་བྱེད་ཚད་སྔར་བས་མགྱོགས་སུ་བཏང་ནས། སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཁས་བླངས་པ་དག་མངོན་འགྱུར་ཧུར་ཐག་བྱས་ཤིང་། མིག་སྔར་མཇུག་བསྡུའི་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་གཏོང་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་འཚོའི་དོན་དངོས་ཁག་བཅུའི་ལས་གྲྭ་དེ་དག་ནང་སྣུམ་སྣོན་ས་ཚིགས་དང་ས་འོག་སྣུམ་གཏེར་ཁག་གཅིག་བསྐྲུན་ནས་ཐག་རིང་འབྲོག་ཁུལ་གྱི་འབར་སྣུམ་མཁོ་སྤྲོད་དཀའ་ངལ་བསལ་བ་དང་། ད་ལོ་ལས་མཇུག་བསྡུ་བའི་ཆུ་གསུམ་དང་ར་བང་ཤང་གཉིས་ཀྱི་སྣུམ་སྣོན་ས་ཚིགས་ཁྱོན་ཡོངས་ནས་གྲུབ་སྟེ་གཉེར་སྐྱོང་བྱས་ཡོད། འཁོར་རིགས་ཀྱི་ལོ་བཤེར་སྒྲིག་ཆས་གསར་དུ་བསྐྲུན་པ་དང་ཐག་རིང་ས་ཁུལ་གྱི་འཁོར་རིགས་ཞིབ་བཤེར་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། མིག་སྔར་སྒེར་རྩེ་རྫོང་གི་འཁོར་རིགས་ལོ་བཤེར་ས་ཚིགས་སུ་བཟོ་ཁང་བསྐྲུན་པ་དང་ཞིབ་བཤེར་སྒྲིག་ཆས་ཉོ་སྒྲུབ་དང་སྒྲིག་སྦྱོར་ཟིན་ནས་སྤུས་ཚད་ཞིབ་མཆན་གཉེར་བཞིན་ཡོད། སྒེར་རྩེ་དང་། རྩ་མདའ། སྤུ་ཧྲེང་བཅས་རྫོང་གྲོང་3གྱི་ཆུ་འདོན་སྒྲིག་བཀོད་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་འཐུང་ཆུའི་དཀའ་གནད་ལེགས་བཅོས་བྱས་ཤིང་། མིག་སྔར་སྒེར་རྩེ་དང་རྩ་མདའ་རྫོང་གཉིས་ཀྱི་ཆུ་འདོན་སྒྲིག་བཀོད་སྐྲུན་འགོ་ཚུགས་ནས་སྤུ་ཧྲེང་རྫོང་གི་ཆུ་འདོན་སྒྲིག་བཀོད་སང་ལོར་ཕྱོགས་བསྡུས་དོ་དམ་ཚན་པ་དང་མཉམ་དུ་ལག་བསྟར་བྱ་རྒྱུ་རེད། ཤང་གྲོང་གི་ཚོང་དོན་ལྟེ་གནས་གསར་དུ་བསྐྲུན་ནས་འབྲོག་ཁུལ་གྱི་ཉོ་འཚོང་བྱེད་དཀའ་བའི་དཀའ་ངལ་ཞི་ལྷོད་དུ་བཏང་ཐོག སྟོད་མ་དང་། ཧོར། ཚྭ་ཁ་བཅས་ཀྱི་ཚོང་དོན་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བསྐྲུན་ཚར་ཏེ། ཁེ་ལས་ལ་འབྲེལ་གཏུག་བྱས་ཁར། རྗེས་མཐུད་གཉེར་སྐྱོང་གི་འབྲེལ་ཡོད་ཇུས་གཞིའི་མཐུན་སྦྱོར་ལས་དོན་སྒྲུབ་བཞིན་ཡོད་པ་རེད། འབྲོག་ལས་སྐྱས་སྤོའི་བགྲོད་ལམ་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་འབྲོག་ལས་སྐྱས་སྤོའི་ཆ་རྐྱེན་ལེགས་སུ་བཏང་བ་དང་། འབྲོག་ལས་སྐྱས་སྤོའི་བགྲོད་ལམ་6དང་ཟམ་པ་3བཟོས་ནས་འཁོར་རིགས་ཤར་གཏོང་བྱུང་ཡོད།

    གཞན་ཡང་སྡོད་ཁང་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། མངའ་རིས་ས་ཁུལ་གྱིས་ད་དུང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་མུ་མཐུད་བྱས་པ་དང་། ད་ལོར་བདེ་སྡོད་ལས་གྲྭའི་ལས་མཇུག་བསྡུ་བའི་ལས་འགན་དུད་ཚང་510ཡོད་པ་ནས། མིག་སྔར་དུད་ཚང་265ལེགས་གྲུབ་ཟིན་པ་དང་དེ་འཕྲོས་རྣམས་དུས་ཚོད་དམ་འཛིན་གྱིས་སྒྲུབ་བཞིན་པའི་སྒང་རེད། དགུན་ས་དང་། མ་མིག ཚྭ་ཁ་བཅས་ཤང་གསུམ་གྱི་གད་སྙིགས་སྦས་ཡུལ་རྣམ་གྲངས་དང་བར་ག་ཤང་གད་སྙིགས་སྦས་ཡུལ་གྱི་ས་ཆ་འདེམས་པའི་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུར་དམ་འཛིན་བྱས་ཡོད། རིམ་གྲས་དང་ཚད་ལྡན་གྱི་གཏོད་འཛུགས་བྱེད་སྒོ་ལག་བསྟར་བྱས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་འདེགས་ཞུ་ཚད་མཐོ་རུ་བཏང་སྟེ་ས་ཁུལ་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པར་གཏོད་རྒྱུའི་དུས་འགོའི་ལས་དོན་གྲུབ་པ་དང་། སྨན་བཅོས་ལག་རྩལ་ཐོག་བརྩེགས་ཁང་གི་ལས་གྲྭ་དང་། དེ་བཞིན“120”མྱུར་སྐྱོབ་ལྟེ་གནས་ཀྱི་འཛུགས་སྐྲུན་གང་མྱུར་བྱེད་བཞིན་ཡོད་པ་དང་། མཚོ་ཆེན་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཀ་པ་རིམ་པ་དང་པོ་གཏོད་པའི་ས་གནས་ས་ཐོག་གི་ཞིབ་དཔྱད་ཚར་བ། རྩ་མདའ་དང་སྒར་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཀ་པ་རིམ་པ་དང་པོ་གཏོད་རྒྱུར་ཞིབ་བཤེར་རགས་ཙམ་བྱ་རྒྱུ་ཡིན་པ། ཤང་གྲོང་10དང་གྲོང་ཚོ་20ཡི་འཕྲོད་བསྟེན་ཁང(ཁང)ཚད་ལྡན་གྱི་འཛུགས་སྐྲུན་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད། ལས་ཞུགས་གཞན་སྒྱུར་གྱི་དམིགས་ཚད་མཐའ་འཁྱོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ཚོད་ལྟ་བྱེད་པ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ཐར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་དེ་བཞིན་སྟོད་མ་ཤང་གི་སྤྱི་ཡོངས་འཆར་འགོད་དང་ཉམས་འགྱུར་ཇུས་འགོད་སྒྲིག་བཀོད་ལེགས་གྲུབ་བྱུང་ནས་གོང་གི་ཆོག་མཆན་འཐོབ་རྒྱུར་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་དང་། སྟོད་མ་དང་། མོན་མཚེར། ཧོར། ཚྭ་ཁ་བཅས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་ཚོད་ལྟའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སྤྱིར་ན་གྲུབ་པ་དང་། ཟླ་འདིའི་ཟླ་མཇུག་ཏུ་ཐོག་མའི་ཞིབ་བཤེར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།