དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་གསར་གཏོད་བྱེད་པའི་འདྲེན་རྟེན་གལ་ཆེན་དང་མང་ཚོགས་ཀྱི་རྨང་གཞི་བརྟན་གཏོང་དང་། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ལ་འཛིན་ནས་མང་ཚོགས་ཀྱི་ཆེད་དུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགག་རྩ་དེ་ཁོང་དུ་བརྟན་པོ་ཆུད་པ་དང“དུད་སྦྲེལ་འབབ་འཕར་དང་དུད་སྦྲེལ་དུས་བདེ”ཡི་ལྟེ་བ་དེ་དམ་པོར་འཛིན་ནས་མི་རིགས་ཁག་གི་མང་ཚོགས་ལ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ཁྲོད་ནས་དངོས་ཕན་དེ་བས་མང་བ་ཐོབ་པའི་འགན་ལེན་བྱས་ཐོག“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ལས་དོན་དེ་མང་ཚོགས་ཀྱི་དགའ་བསུ་ཟབ་མོ་ཐོབ་པ་དང་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་དམངས་སེམས་འདུ་འགོད་དུ་འགྱུར་བ་བྱས་ནས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་ལས་དོན་ཐད་མི་ཚང་མས་སེམས་ཁུར་དང་། དུད་ཚང་ཚང་མ་ཞུགས་པ། གཅིག་ལ་གཅིག་འགྲན་གྱིས་འཕེལ་རྒྱས། ཞི་མཐུན་གསར་གཏོད་བརྩོན་ལེན། སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཧུར་ཐག་ཆགས་པ་བྱས་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་། ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཐུན་སྒྲིལ་བརྟན་ལྷིང་གི་མང་ཚོགས་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་སྔར་བས་བརྟན་དུ་སོང་བ་རེད།

    དུད་སྦྲེལ་དུས་བདེ་ཡོང་བ་བྱས་ཏེ་ཞི་མཐུན་གྱི་རྨང་གཞི་བརྟན་པོ་བཏིང་བ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་རྒྱུ་དེ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་འགན་ལེན་ཞིག་དང་ཞབས་ཞུ་དོ་དམ་ལས་ཀའི་དཔེ་དབྱིབས་གསར་གཏོད་བྱས་པ་ཞིག་ཡིན་པས། མངོན་གསལ་དོད་པའི་ལག་ལེན་གྱི་ཁྱད་ཆོས་དང་སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།

    རིམ་ཁག་སྡེ་ཚན་ཁག་དང་གཞི་རིམ་རྩ་འཛུགས་ཁག་གིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་དེ་མཉམ་འགོག་མཉམ་བཅོས་དང་དྲ་མིག་ཅན་གྱི་དོ་དམ་དང་སྔ་ཕྱི་བར་གསུམ་དུ་ཟུང་འབྲེལ་བྱས་ནས་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་རྒྱབ་རྟེན་བཅོལ་བ་བཅས་བྱས་ཏེ་ལས་དོན་དེ་གྲོང་མི་ཚོགས་ཆུང་དང་། ཡུལ་མི་ཁུལ། ཁྱིམ་ཚང་ཚང་མ་བཅས་དང་། སློབ་གྲྭ་དང་། ཁེ་ལས། དགོན་སྡེ་བཅས་བར་སྣུར་སྲིང་བྱས་ནས་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་ཟམ་མི་ཆད་པར་གོམ་སྟབས་སྤོས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་མ་ལག་སྤྱད་དེ་དངོས་ཡོད་མི་འབོར་གྱི་དཔེ་དབྱིབས་འོག“གཉིས་ལྡན་དུད་སྦྲེལ”གྱི་ལས་ཀའི་དཔེ་དབྱིབས་གསར་སྤེལ་བྱས་ཏེ“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་བརྗོད་པའི་ལྷ་སའི“གཉིས་ལྡན་དུད་སྦྲེལ”གྱི་སྲིད་དོན་སྐད་འཕྲིན་སྟེགས་བུ་གསར་སྤེལ་བྱས་ནས་མ་ལག་སྣེ་མོ་དང་སྦྲེལ་མཐུད་བྱས་པ་དང་དུད་སྦྲེལ་གྱི་འཐུས་མིས(གཉིས་ལྡན་དུད་སྦྲེལ་སྤྱི་མི)སྐད་བརྡ་དང་། ཡི་གེ པར་རིས་སོགས་ལ་བརྟེན་ནས་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། འགལ་ཟླ་དང་རྩོད་གཞི། དམངས་འཚོའི་གནད་དོན་བཅས་དུས་ཐོག་ཏུ་མ་ལག་སྟེགས་བུར་བསྐྱལ་རྗེས་ལས་དོན་མི་སྣས་ཐག་གཅོད་བྱེད་པ་དང་དུས་མཚུངས་དུས་ཐོག་ཏུ་སྟེགས་བུ་བརྒྱུད་སྲིད་ཇུས་བྱེད་ཐབས་ཁག་བརྒྱུད་སྤྲོད་བྱས་ཏེ“སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་བརྒྱུད་སྤྲོད་ཡག་པོ་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་མཐར་ཕྱིན”བྱེད་པའི་ཞབས་ཞུའི་དོ་དམ་མ་ལག་གཏོད་ཆེད་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བྱས་པ་རེད།

    རིམ་རྩིས་བརྒྱབ་ན་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དུད་སྦྲེལ་ཚན་པས་འགལ་ཟླའི་རྩོད་གཞི་ཁྲི་1ལྷག་ཙམ་གྲལ་བཤེར་བྱས་ཏེ་བསལ་བ་དང་། བདེ་འཇགས་སྐོར་གཡེང་ཁྲོད་མི་ཐེངས་ཁྲི་64.2ཞུགས་པ། རིགས་ཁག་གི་བདེ་འཇགས་དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་ཁག་ཁྲི་3ལྷག་ཙམ་གྲལ་བཤེར་བྱས་ཏེ་བསལ་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཁག་ཁྲི་4ལྷག་ཙམ་ཚུར་བསྡུ་བྱས་པ་བཅས་རེད།

    དུད་སྦྲེལ་འབབ་འཕར་ཡོང་བ་བྱས་ཏེ་ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད་བཏང་བ།

    འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞིང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འགག་རྩ་དེ་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། འཕེལ་རྒྱས་མྱུར་པོ། ལེགས་ལ་མྱུར་བའི་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས།

    རང་ལྗོངས་སུ་སྤེལ་བཞིན་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་དཔྱད་འདེམས་བྱེད་སྒོ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མང་ཚོགས་ལ་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། དམངས་འཚོ་འགན་ལེན་ཤུགས་ཆེན་དང་ལེགས་སུ་གཏོང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་རེད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་དཔྱད་འདེམས་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་མང་ཚོགས་ཀྱིས་དངོས་ཕན་མཉམ་སྤྱོད་བྱེད་པའི་དམིགས་ཚད་དངོས་སུ་མངོན་འགྱུར་བྱུང་བ་རེད།

    ལྷོ་ཁ་ས་ཁུལ་གྱིས་དུད་སྦྲེལ་འབབ་འཕར་ལས་དོན་དེ་2015ལོའི“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”ཁྲོད་བཞག་ནས་དུད་སྦྲེལ་འབབ་འཕར་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་1600ཐག་གཅོད་བྱས་པ་དང་། མཉམ་གཉེར་མཉམ་སྐྲུན་གྱི་ཕྱུག་འགྱུར་རྣམ་གྲངས་དང་དུད་སྦྲེལ་གྱི་མཉམ་གཉེར་མཉམ་ལས་འཕེལ་རྒྱས་ལ་གཙོ་གནད་དུ་རོགས་སྐྱོར་བྱས་ཤིང་། ས་ཁུལ་རིམ་པ་35དང་རྫོང་རིམ་པའི་རོགས་སྐྱོར་རྣམ་གྲངས་24ཁ་གསལ་བཟོས་པར་ཁྱོན་མ་དངུལ་སྒོར་ཁྲི་1368བཏང་བ་དེའི་ནང་འདེབས་འཛུགས་དང་གསོ་ཚགས་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་ལས། ཞིང་འབྲོག་ཕྱུགས་ཟོག་ཐོན་རྫས་ལས་སྣོན་ལས་རིགས། ཞབས་ཞུའི་ལས་རིགས། བཟོ་སྐྲུན་ལས་རིགས་བཅས་ཚུད་པར་ཤང(གྲོང་རྡལ)41དང་གྲོང་ཚོ(གྲོང་ལྷན)49ཡི་དུད་སྦྲེལ་ཚན་པ་141གི་དུད་ཚང་1255དང་མི་5247ལ་ཁྱབ་ཡོད་པ་རེད།

    འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱིས་མཉམ་འགོག་མཉམ་ཁུར་གྱི་རྣམ་པའི་ཐོག་ནས་འབོར་ཉུང་ཡིད་རྟོན་དངུལ་བུན་ཐེངས་ཁྲི་7ལྷག་ཙམ་དང་དངུལ་འབོར་སྒོར་དུང་ཕྱུར་31.8ལྷག་ཙམ་བཏང་བར་དཔལ་འབྱོར་རྩ་འཛུགས་དང་དཔལ་འབྱོར་དངོས་ཚན་998ལྷག་ཙམ་མང་དུ་ཕྱིན་ནས་དུད་ཚང་ཁྲི་1.8དང་མི་ཁྲི་8.6ལྷག་ཙམ་ཕྱུག་འགྱུར་སྣེ་ཁྲིད་བྱས་ཐོག་འབབ་འཕར་སྒོར་དུང་ཕྱུར་1.2ལྷག་ཙམ་བྱུང་བ་རེད།

    དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས་ཤེས་དཔལ་གྱི་སྲོལ་གསར་བཏོད་པ།

    “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་ཀྱི་ལས་ཀའི་ནང་དོན་སྔར་བས་རྒྱ་ཆེར་གཏོང་བ་དང་། དུད་སྦྲེལ་ཁོངས་མིའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། དུད་སྦྲེལ་ཁོངས་མིའི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་མཐོ་རུ་གཏོང་བ། དུད་སྦྲེལ་ཁོངས་མིའི་མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱ་ཆེད། རིམ་ཁག་སྡེ་ཚན་ཁག་དང་། གཞི་རིམ་རྩ་འཛུགས་ཁག དུད་སྦྲེལ་ཚན་པ་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྣམ་པ་སྣ་ཚོགས་དང་ཧུར་བརྩོན་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ལ་སྲིད་ཇུས་དང་། བཅའ་ཁྲིམས། རིག་གནས། ཚན་རྩལ་བཅས་སློབ་རོགས་བྱས་པ་དང་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ལུགས་རྙིང་སྲོལ་ངན་དོར་བ་བཅས་བྱས་པས་རྒྱལ་གཅེས་ཁྲིམས་སྲུང་དང་། གུས་ལྡན་ཚིག་གནས། མཐུན་སྒྲིལ་མཛའ་བཤེས། ཧུར་བསྲི་རང་སྤེལ། ཁྱིམ་མཚེས་མཛའ་མཐུན། ལྟ་རེས་སྐྱོང་རེས་བཅས་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་བ་རེད།

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྡེམ་མོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་5000ལྷག་ཙམ་བརྩོན་ལེན་བྱས་ནས་ཤང་དེ་ཡོངས་ཀྱི་དུད་སྦྲེལ་སྤྱི་མི་87གྱི་ཁྱིམ་ནང“སྐོར་སྐྱོད་དཔེ་སྒྲོམ”བཙུགས་པ་དང་ཞིང་པའི་དཔེ་དེབ་ཁང་གི་ཞིང་འབྲོག་ཚན་རྩལ་དང་འཚོ་བའི་རྒྱུན་ཤེས་སོགས་མང་ཚོགས་ཀྱིས་ལྟ་འདོད་པའི་དཔེ་དེབ་ཁ་ཤས་དཔེ་སྒྲོམ་ནང་བཞག་ཐོག་དཔེ་དེབ་ཉོས་ནས་ཁ་སྐོང་བྱས་ཏེ་མང་ཚོགས་ཀྱིས་དཔེ་དེབ་ལྟ་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། སྤྱི་མི་དང་དུད་ཚང་ཁག་དབར་འབྲེལ་གཏུག་སྤེལ་རེས་བྱེད་པར་ཡང་ཤུགས་སྣོན་ཐེབས་པ་དང་སྦྲགས་སྤྱི་མིས་དོན་ཆེན་དང་དོན་ཆུང་འཕྲལ་མ་ཉིད་དུ་ཤེས་རྟོགས་ཐུབ་པ་དང་དུས་ཐོག་ཏུ་མཐུན་སྦྱོར་རོགས་རམ་བྱེད་ཐུབ་པའི་འགན་ལེན་བྱས་པ་རེད།

    ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་རིགས་ཁག་གི་དྲིལ་བསྒྲགས་ཐེངས་ཁྲི་2.8ཙམ་བྱས་པར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་310ལྷག་ཙམ་ཟིན་པ་དང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་གཞི་ཁྲི་260ལྷག་ཙམ་སྤྲད་པ་དང་། འཕྲོད་བསྟེན་བཅོས་སྒྲིག་ཐེངས་15ལྷག་ཙམ་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་3.6གི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱས་པ། ཁྱིམ་མཚེས་དབར་གྱི་འོས་འགན་ངལ་རྩོལ་ཁྲོད་མི་ཐེངས་ཁྲི་24ཙམ་ཞུགས་པ། དབུལ་སྐྱོར་དང་། གེགས་སེལ། སློབ་ཞུགས་རོགས་རམ། བདེ་སྡོད་ཁང་པ་འཛུགས་སྐྲུན་བཅས་ཐད་སྒོར་དུང་ཕྱུར་1.3རི་བའི་དངོས་རྫས་ཞལ་འདེབས་ཕུལ་བ། མི་ཧྲེང་དང་། རྒན་རྒོན། ནད་པ། དབང་པོ་སྐྱོན་ཅན། གཞིས་སྲུང་རྒན་རྒོན། གཞིས་ལུས་བྱིས་པ་བཅས་མི་ཐེངས་ཁྲི་7ལྷག་ཙམ་ལ་རོགས་རམ་དང་ལྟ་རྟོག་བྱས་པ་རེད།

    དངོས་ཕན་དོན་གཉེར་བྱས་ཏེ་མི་ཤུགས་གཅིག་སྒྲིལ་གྱིས་ནུས་པ་ཆེན་པོ་བཏོན་པ།

    དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་རྒྱག་པ་དང་དུས་ཐོག་ཏུ་བྱ་དགའི་མ་དངུལ་དང་རིགས་ཁག་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་བྱེད་སྒོའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་དང་སྲིད་ཇུས་ཁག་ཤེས་རྟོགས་སྔར་བས་ཟབ་ཏུ་སོང་ཐོག་བྱེད་སྒོར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བརྩི་བཀུར་དང་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ནས་ཚང་མའི་གསར་གཏོད་བྱེད་སྒོའི་ཁྲོད་ཞུགས་པའི་སྤྲོ་སེམས་ཉིན་རེ་བཞིན་འཕེལ་བ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གིས་དུད་སྦྲེལ་ཚན་པའི་ཏང་གི་དྲིན་ཚོར་བའི་སློབ་གསོའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་ལས་ཁུངས་ཀྱི་དུད་སྦྲེལ་སྤྱི་མིས་ཐད་ཀར་གཏམ་བཤད་བྱེད་པ་དང་མང་ཚོགས་ཀྱི་དུད་སྦྲེལ་སྤྱི་མིས་རང་འགུལ་ངང་གཏམ་བཤད་བྱེད་པའི་བྱ་ཐབས་སྤྱད་དེ་དུད་སྦྲེལ་ཚན་པས་སྤྱི་ཚོགས་རྙིང་པ་དང་། ལམ་ལུགས་རྙིང་པ། འཚོ་བ་རྙིང་པ་བཅས་སྤྱི་ཚོགས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་དང་བསྡུར་བ་བྱས་ནས་འགྱུར་ལྡོག་གླེང་བ་དང་། བདེ་སྐྱིད་ཡིན་ལུགས་ཤོད་པ། ཏང་གི་དྲིན་ཚོར་བ་བཅས་ཀྱི་ཐོག་ནས་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་དེ་དངོས་སུ་ཤེས་སུ་བཅུག་པ་རེད།

    སྐྱིད་གྲོང་གྲོང་རྡལ་གྱི་མང་ཚོགས་ནོར་བུ་ཚེ་རིང་གིས“ཏང་ཡོད་ན་རང་བྱུང་གནོད་འཚེར་སྐྲག་དགོས་མེད་པ་དང་། དུད་སྦྲེལ་སྤྱི་མི་ཡོད་པས་ང་ཚོ་བློ་བདེ་བ་དང་དཀའ་ངལ་ཁྱད་བསད་ཐུབ་ངེས་ཡིན་ལ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ན་དེ་བས་ལེགས་པའི་འཚོ་བ་གཏོད་ཐུབ། ‘གཉིས་ལྡན་དུད་སྦྲེལ’གསར་གཏོད་བྱེད་སྒོ་བརྒྱུད‘དུད་སྦྲེལ་ཞི་འཇགས་དང་དུད་སྦྲེལ་འབབ་འཕར’གྱི་དམིགས་ཚད་དངོས་སུ་མངོན་འགྱུར་ཐུབ་ནས་མང་ཚོགས་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ཤུགས་ཆེར་སོང་བས་ད་ཆ་ཉེ་འདབས་ཀྱི་མང་ཚོགས་ཚང་མ‘གཉིས་ལྡན་དུད་སྦྲེལ”གསར་གཏོད་ཁྲོད་ཧུར་ཐག་ཞུགས་ཀྱི་ཡོད’ཅེས་བཤད་པ་ལྟར་རེད།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་དེ་ནི་བོད་ཀྱི་ཁྱད་ཆོས་དང་མཐུན་པ་དང་རྨང་བརྟན་དམངས་ཕན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་འགན་ལེན་ཤུགས་ཆེན་ཞིག་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་དང་། རྒྱུན་འཁྱོངས་ལྷོད་མེད། གཏིང་ཟབ་རྒྱུན་སྲིང་བཅས་ཀྱི་ཐོག་ནས་རྒྱུན་འཁྱོངས་བྱེད་དགོས་པ་དེ་ལག་ལེན་ནས་ར་སྤྲོད་བྱུང་ཡོད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གསར་གཏོད་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྦྲགས“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་རིམ་བཞིན་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་འཁོར་ལམ་ཐོག་བསྐྱོད་པ་དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་ཞི་འཇགས་དང་དུད་སྦྲེལ་འབབ་འཕར་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བའི་ཁར། མི་དམངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་དང་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་སྟེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་ཞིག་བཏོད་པ་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཕྱར་བ་གྲུ་འདེགས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་མི་མང་སེམས་པ་གཅིག་ཏུ་འགྲིལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་རྣམ་པ་བཟང་པོ་ཞིག་མངོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།