དབུ་ཤོག>གསར་འགྱུར།
  • མི་དམངས་མང་ཚོགས་ལ་བློ་བདེ་པོའི་ངང་ཟ་འཐུང་བྱ་རྒྱུ་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    ཡོངས་བསྒྲགས་བྱས་མ་ཐག་པའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོའི་ནང“མི་དམངས་མང་ཚོགས་ལ་བློ་བདེ་པོའི་ངང་ཟ་འཐུང་བྱ་རྒྱུ་ཡོང་བ་བྱེད་དགོས”ཞེས་པའི་སྐད་ཆ་དུམ་བུ་ཞིག་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་མང་ཚོགས་ཀྱི་འབོད་སྒྲར་ཐད་ཀར་ཨ་ལན་སློག་པ་ཞིག་ཡིན་ལ་མང་ཚོགས་ཀྱི་རེ་བ་སྒྲུབ་རྒྱུའི་བབ་བརླིང་ལྡན་པའི་དམ་བཅའ་ཞིག་ཀྱང་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་སྦྲགས་མང་ཚོགས་ཀྱི་རེ་བ་དེའང་ལྟོ་ཆས་རྒྱགས་པ་ཞིག་ཟ་རྒྱུའི་རེ་བ་ནས་ཡག་པོ་ཟ་རྒྱུ་ཡོང་བ་དང་བློ་བདེ་པོའི་ངང་ཟ་འཐུང་བྱེད་རྒྱུ་ཡོང་བའི་བར་འགྱུར་ལྡོག་སོང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྲོས་འགོའི་ནང་བཟའ་བཅའི་བདེ་འཇགས་འཐབ་ཇུས་ལག་ལེན་བསྟར་ཏེ་དམ་ཟབ་ནུས་ཆེ་དང་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་མ་ལག་ཅིག་གྲུབ་པ་བྱས་ནས་མི་དམངས་མང་ཚོགས་བློ་བདེ་པོའི་ངང་ཟ་འཐུང་བྱ་རྒྱུ་ཡོང་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    སྣུམ་དང་། འབྲས། འོ་རྩམ་ལ་སོགས་ཕར་བལྟས་ན་བྱ་བ་ཆུང་ཙག་ཞིག་ཏུ་སྣང་མོད། འོན་ཀྱང་དེ་དག་གི་སྤུས་ཚད་བདེ་འཇགས་དེ་མི་སེར་གྱི་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཆེ་ལ་དེ་བས་མི་སེར་གྱི་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཀྱི་གཞི་རྩའི་བླང་བྱ་ཞིག་ཀྱང་རེད། གལ་ཏེ་མི་སེར་ཚོར་བློ་བདེ་བའི་བཟའ་བཅའ་དང་། བདེ་འཇགས་ཀྱི་བཟའ་བཅའ། གནོད་མེད་ཀྱི་བཟའ་བཅའ་བཅས་ཟ་རྒྱུ་མ་བྱུང་ན་འབྱོར་འབྲིང་གི་དམིགས་ཚད་དེ་མངོན་འགྱུར་ཐུབ་དཀའ།

    ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཕྱོགས་ཁག་གི་འབད་བརྩོན་འོག་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད། “ལོ་རྒྱུས་ཐོག་ནན་ཤོས”ཡིན་ཞེས་བརྗོད་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་གསར་པའི་ཐོག་ནས་ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་བྱ་རྒྱུའི་ཆོད་སེམས་མཚོན་ཐུབ། ཡིན་ནའང་བཟའ་བཅའི་བདེ་འཇགས་གནད་དོན་ལ་ཐོན་སླ་བ་དང་ཐོན་མང་བའི་ཁྱད་ཆོས་ལྡན་ཡོད། མི་དམངས་ཀྱི་འདོད་བློ་དང་རེ་སྒུག་གི་མདུན་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས་ཀྱི་ཐབས་ལ་བརྟེན་ནས་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བའི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་མ་ལག་ཅིག་མགྱོགས་མྱུར་འཛུགས་དགོས།

    བཟའ་བཅའི་བདེ་འཇགས་ནི་ཐོན་སྐྱེད་ཁྲོད་ནས་བྱུང་བ་ཞིག་ཡིན་ལ་དོ་དམ་ཁྲོད་ནས་བྱུང་བ་ཞིག་ཀྱང་ཡིན། སྲིད་གཞུང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་ཁོ་ནར་བརྟེན་ན་རྩ་བའི་ཐོག་ནས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པ་དང་། སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་པ། ལས་རིགས་ཁག་གིས་རང་འདོམས་བྱེད་པ། ཁེ་ལས་ཀྱིས་འགན་འཁུར་བ། སྤྱི་དམངས་ཞུགས་པ། སྨྱན་སྦྱོར་གྱིས་ལྟ་སྐུལ་བྱེད་པ་བཅས་ཀྱི“སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི”བཀོད་པ་ཞིག་གྲུབ་པ་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཁྱབ་ཁོངས་ཁྲོད“མི་ཚང་མས་ཞུགས་པ་དང་། མི་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་པ། མི་ཚང་མར་ལོངས་སྤྱོད་བྱ་རྒྱུ་ཡོད་པ”བཅས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་པ། “གནམ་རྒྱ་ས་རྙི་བཙུགས་པ་ལས། མི་ངན་འཆོར་བའི་སྲུབས་ཀ་མེད”ཅེས་པ་ལྟ་བུ་དངོས་སུ་མངོན་དུ་འགྱུར་བ་བཅས་བྱས་ན་གཞི་ནས་མི་དམངས་མང་ཚོགས་ལ་བློ་བདེ་པོའི་ངང་ཟ་འཐུང་བྱ་རྒྱུ་ཡོང་བའི་འགན་ལེན་བྱེད་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།