དབུ་ཤོག>གསར་འགྱུར།
  • ​ བོད་ལྗོངས་ས་མཐོའི་གདོད་མའི་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་ལེགས་སུ་འགྲོ་བཞིན་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-11-21

    ས་བབ་མཐོ་ཚད་ཆ་སྙོམས་སྨི་4500དང་མཐོ་ཤོས་སྨི་8800ལས་བརྒལ་བའི་བོད་ལྗོངས་ས་མཐོ་ནི“འཛམ་གླིང་གི་ཡང་རྩེ”སྟེ་མཚོ་བོད་ས་མཐོའི་ལྟེ་བ་ཡིན། དེ་གར་གནམ་སྔོ་ཞིང་། རི་མཐོ་ལ། འཁྱག་རོམ་བརྗིད་ཅིང་མཛེས། དེ་གའི་མཛེས་སྡུག་གིས་མི་རྣམས་ཀྱི་ཡིད་དབང་འགུག་པ་དང་སྦྲགས། མི་འབོར་འཕར་ཚད་ཅུང་མགྱོགས་ཤིང་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་རྒྱབ་ལྗོངས་ཆེན་པོའི་འོག བོད་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་ཉེ་བའི་ལོ་ཤས་རིང་འགྱུར་ལྡོག་ཅི་བྱུང་བ་དང་། མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཅི་བཟོས་པ། བྱེད་ཐབས་ཅི་ཞིག་སྤྱད་དེ“འཛམ་གླིང་གི་དག་ཞིང་མཐའ་མ”འདི་སྲུང་སྐྱོང་བྱེད་དགོས་པ་སོགས་ཀྱི་སེམས་ཁྲལ་ཡང་བཟོས་སྲིད།

    ཟླ་11ཚེས་18ཉིན། ཀྲུང་གོ་ཚན་རིག་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པས་མཉམ་དུ་བྲིས་པའི《བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་དཔྱད་དཔོག》(གཤམ་དུ“སྙན་ཞུ”ཞེས་བརྗོད་རྒྱུ)ཡོངས་བསྒྲགས་བྱས་ནས་གོང་གི་གནད་དོན་དེ་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་རེད།

    སྙན་ཞུ་དེའི་ནང་གནམ་གཤིས་དང་། ཆུ་གཟུགས། སྣོད་བཅུད་མ་ལག ས་ངོས་ཁོར་ཡུག མིའི་རིགས་ཀྱི་བྱ་སྤྱོད་ཀྱི་ཤུགས་རྐྱེན། གེགས་བར་གྱི་ཉེན་ཁ་བཅས་ཕྱོགས་དྲུག་དང་འབྲེལ་བའི་དྲོད་ཚད་དང་། ཆར་ཆུ། འཁྱག་རོམ། གངས་གསོག མཚེའུ་སོགས་དམིགས་ཚད་རྣམ་གྲངས་26གི་ཐད་ནས་བོད་ལྗོངས་ས་མཐོའི་འདས་པའི་ལོ་2000ནས་མ་འོངས་པའི་ལོ་100བར་གྱི་ཁོར་ཡུག་འགྱུར་ལྡོག་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་རྗེས་བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་ལེགས་སུ་འགྲོ་བཞིན་ཡོད་ཅེས་མཇུག་སྡོམ་བྱས་པ་རེད།

    བོད་ལྗོངས་ས་མཐོའི་གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་དྲོད་ཚད་དང་རླན་ཚད་ཆེ་རུ་ཕྱིན་པ་དེ་རེད།

    སྙན་ཞུའི་ནང་བོད་ལྗོངས་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་དྲོད་ཚད་དང་རླན་ཚད་ཆེ་རུ་ཕྱིན་པ་དེ་ཡིན་པ་མངོན་ཡོད་པ་རེད།

    འདས་པའི་ལོ་50རིང་། བོད་ལྗོངས་ས་མཐོའི་དྲོད་ཚད་ཆ་སྙོམས་ལོ་བཅུ་རེར་ཧྲེ་ཧྲི་ཏུའུ་0.32རེ་འཕར་ནས་འཕར་ཚད་གོ་ལ་ཧྲིལ་པོའི་དུས་མཚུངས་ཆ་སྙོམས་འཕར་ཚད་ཀྱི་ལྡབ་གཉིས་ཙམ་ཡིན་ལ། འདས་པའི་ལོ་2000ནང་གི་དྲོད་ཚད་ཆེས་མཐོ་བའི་དུས་མཚམས་ཡིན་པ་རེད། དེ་དང་ཆབས་ཅིག བོད་ལྗོངས་ས་མཐོའི་ཆར་ཆུ་འབབ་ཚད་ཐད་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་དབར་ཧེ་བག་མངོན་གསལ་དོད་པོ་ཡོད་དེ། བྱང་རྒྱུད་དུ་ཆར་ཆུ་འབབ་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་ལ། ལྷོ་རྒྱུད་དུ་ཆར་ཆུ་འབབ་ཚད་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

    དྲོད་ཚད་དང་རླན་ཚད་ཆེ་རུ་འགྲོ་བ་དང་ཆབས་ཅིག བོད་ལྗོངས་ས་མཐོའི་སྔོ་ཁེབས་རྒྱ་ཁྱོན་ཡང་དུས་རབས་འདིའི་ནང་ཅུང་ཆེ་རུ་ཕྱིན་ཡོད་པ་རེད།

    “1998ལོར་རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་དང་བསྟུན་ནས་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་ཀ་འཕར་ཡོད། འདམ་རའི་རྒྱ་ཁྱོན་སྤྱིའི་ཆ་ནས་ཆུང་དུ་འགྲོ་བའི་རྣམ་པ་མངོན་ཡང་2000ལོ་ཚུན་ནས་བཟུང་འདམ་རའི་རྒྱ་ཁྱོན་ཆུང་དུ་འགྲོ་ཚད་མངོན་གསལ་དོད་པོས་དལ་དུ་ཕྱིན་པ་མ་ཟད། ད་དུང་ས་ཆ་ཁ་ཤས་སུ་རྒྱ་ཁྱོན་ཆེ་རུ་འགྲོ་བའི་རྣམ་པ་ཡང་མངོན་ཡོད། ནགས་ཚལ་དང་ཚང་ཚིང་ནགས་རྫོབ་ཀྱི་རྒྱ་ཁྱོན་ནུབ་བྱང་རྒྱུད་དུ་རྒྱ་བསྐྱེད་ཀྱི་ཡོད་པས། མཐོ་གྲང་སྤང་ལྗོངས་ཁག་གཅིག་ཚང་ཚིང་ནགས་རྫོབ་ཀྱིས་གནོན་ཡང་སྲིད་མོད། འོན་ཀྱང་སྤྱིའི་ཆ་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཕན་པ་ཡོད། སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་འཕྲེད་ཐིག་དང་ས་བབ་མཐོ་བའི་ས་ཁུལ་དུ་རྒྱ་བསྐྱེད་ནས་འདེབས་འཛུགས་སྟོན་གྲངས་སྔར་བས་མཐོ་རུ་འགྲོ་རྒྱུ་རེད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་སུའོ་ཡི་ཞིབ་འཇུག་པ་ཞུས་པོ་ཆིང་གིས་བཤད་པ་རེད།

    འཁྱག་སའི་རྒྱ་ཁྱོན་ཆུང་དུ་འགྲོ་བ་དང་བྱེ་འགྱུར་གྱི་སྣང་ཚུལ་དེ་ཐག་རིང་ས་ཁུལ་ཁག་གཅིག་ཏུ་མ་གཏོགས་ཐོན་མེད་པ།

    སྙན་ཞུའི་ནང་གནམ་གཤིས་དྲོ་རུ་ཕྱིན་པ་དང་། ཆུའི་འཁོར་སྐྱོད་ཤུགས་ཆེར་ཕྱིན་པ། འཁྱག་རོམ་གྱི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་བཅས་དང་ལྷག་པར་དུ་རི་བོ་ཧི་མ་ལ་ཡ་དང་བོད་ཀྱི་ཤར་ལྷོ་ས་ཁུལ་གྱི་འཁྱག་རོམ་ཆུང་དུ་འགྲོ་ཚད་ཧ་ཅང་མངོན་གསལ་དོད་པོ་འདུག་ཅེས་བསྟན་ཡོད་པ་རེད།

    གནམ་གཤིས་དྲོ་རུ་ཕྱིན་པ་དང་འཁྱག་རོམ་བཞུར་བའི་རྐྱེན་གྱིས་བོད་ལྗོངས་ས་མཐོའི་འཁྱག་སའི་རྒྱ་ཁྱོན་ཆུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། ས་ཆ་བྱེ་འགྱུར་ཅན་དུ་ཡང་འགྲོ་རྒྱུ་ཡིན་པ་རེད།

    སྙན་ཞུའི་ནང་བོད་ལྗོངས་ས་མཐོའི་འཁྱག་སའི་འགུལ་སྐྱོད་ཀྱི་རིམ་པ་དེ་ལོ་རེར་ལི་སྨི་3.6ནས་7.5བར་གྱི་མྱུར་ཚད་ཐོག་ནས་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག འཁྱག་སའི་རིམ་པའི་ཡས་མཐའི་དྲོད་ཚད་དེ་ལོ་10རེར་ཕལ་ཆེར་ཧྲེ་ཧྲི་ཏུའུ་0.3རེ་འཕར་གྱི་ཡོད་པ་དང་། བྱེ་འགྱུར་གྱི་རྒྱ་ཁྱོན་དང་ཤུགས་ཚད་ཆེ་རུ་འགྲོ་བ། ས་ཆུ་ཤོར་ཚད་སྔོན་ལ་ཆེ་རུ་དང་རྗེས་སུ་ཅུང་ཆུང་དུ་འགྲོ་བའི་རྣམ་པ་མངོན་འདུག་ཅེས་བསྟན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་སྦགས་བཙོག་ཚད་གཞི་མིའི་རིགས་ཀྱི་བྱ་སྤྱོད་སྤེལ་མང་ས་དང་བསྡུར་ན་མངོན་གསལ་དོད་པོས་དམའ་བས་སྔར་བཞིན་གོ་ལ་ཧྲིལ་པོའི་ཆེས་དག་གཙང་ས་ཁུལ་གྱི་གྲས་ཤིག་ཡིན་པ།

    སྙན་ཞུའི་ནང་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་ཁོར་ཡུག་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ལ། ཤུགས་རྐྱེན་ངན་པའང་ཐེབས་པའི་ངོས་འཛིན་བྱས་ཡོད།

    དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐད་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཏང་ཨུད་ཀྱི་ཧྲུའུ་ཅི་སུའོ་ཀྲང་གཞོན་པ་ཞེ་ཕུང་ཡུན་གྱིས་གནམ་གཤིས་དྲོ་རུ་དང་མིའི་རིགས་ཀྱི་བྱ་སྤྱོད་སྤེལ་ཚད་མང་དུ་ཕྱིན་པའི་གནས་ཚུལ་འོག མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་སྔར་བཞིན་སྲུང་སྐྱོང་ཅུང་ཡག་པོ་བྱུང་བ་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་རིམ་ཁག་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འབད་འབུངས་ཧུར་ཐག་དང་རྒྱབ་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་ཅེས་གསུངས།

    དུས་ཡུན་རིང་པོའི་ནང་ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་དང་སྣོད་བཅུད་འཛུགས་སྐྲུན་སྐོར་གྱི་ལས་གྲྭ་སྣ་ཚོགས་རྒྱུན་ཆད་མེད་པར་ལག་བསྟར་བྱས་པས། ཁོར་ཡུག་གི་ཤུགས་རྐྱེན་ངན་པ་སྟངས་འཛིན་ཐུབ་ནས་ཁོར་ཡུག་གི་སྤུས་ཚད་ཀྱང་རིམ་གྱིས་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག བྱང་ཐང་དང་ཨ་ཆེན་གངས་རྒྱབ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་ལྷག་པར་དུ་རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟབས། བོད་དུ་མ་གཏོགས་མེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཁག་གཅིག་གི་གྲངས་འབོར་སླར་གསོ་ཐུབ་ཡོད་པ་དཔེར་ན། མཚོ་བོད་ས་མཐོའི་འབྲོང་གི་གྲངས་འབོར་2003ལོར་ཁྲི་1.5ལས་མེད་པར་ད་ཆ་ཁྲི་4ཙམ་ཟིན་པ་དང་། དུས་རབས་འདིའི་དུས་འགོ་དང་བསྡུར་ན། གཙོད་ཀྱི་གྲངས་འབོར་ཡང་དེ་སྔའི་ཁྲི་8ནས་ད་ཆའི་ཁྲི་15ཙམ་བར་མང་དུ་ཕྱིན་ཡོད་པ་ལྟ་བུ་རེད།

    སླད་ཕྱིན་ཇི་ལྟར་བྱས་ནས་བོད་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཤེ་ན། སྙན་ཞུའི་ནང་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་དཔལ་འབྱོར་མཉམ་འདྲེས་ཀྱི་ཚན་རིག་འདུ་ཤེས་ཆགས་པར་བྱས་ཐོག ལྗང་མདོག་དཔལ་འབྱོར་ལྟེ་བའི་ནང་དོན་དུ་བཟུང་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོན་གྲངས་འཛུགས་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་ཁྲོད་ཀྱི་སྲིད་གཞུང་གི་གཅིག་གྱུར་མཐུན་སྦྱོར་ནུས་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བྱང་ཐང་ས་མཐོ་སོགས་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་འཛུགས་རྒྱུ། ཚན་རིག་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་རིག་གནས་དར་སྤེལ་གཏོང་རྒྱུ། དཔྱད་དཔོག་དང་ཁ་གཏད་གཅོག་རྒྱུ་རྨང་གཞིར་བྱས་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།