ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་བའི་ཁྲོད། དབུལ་སྐྱོར་གསར་སྤེལ་ལས་དོན་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བརྩིས་པ། དམངས་འཚོ་འགན་ལེན་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ། སྒྱུར་བཅོས་གསར་གཏོད་དང་ཐོན་ལས་དབུལ་སྐྱོར་དམ་འཛིན་བྱེད་སར་བྱས་པ་བཅས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབབ་འཕར་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ས་ཁོངས་ཀྱི་ས་ཁམས་ལེགས་ཆ་གང་ལེགས་སྤྱད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པའི་ཐོན་ལས་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་པ་དང་འབྲེལ། ཐོན་ལས་ཅན་གྱི་དབུལ་སྐྱོར་རྣམ་གྲངས་ལ་གཞིགས་ཏེ་གཉེར་སྐྱོང་བྱེད་སྟངས་ཇུས་འགོད་བྱས་ནས་རྣམ་གྲངས་ཁག་དཀའ་ངལ་ཡོད་པའི་མང་ཚོགས་སྔར་བས་མང་པོར་ཁྱབ་པར་བྱས་ཤིང་། ཁྲེང་ཀོན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་877བཏང་སྟེ་སྔོ་ཚལ་སོས་པའི་ལས་སྣོན་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་2672བཏང་སྟེ་གསོག་འབོར་ཏུན་5300ཟིན་པའི་སོས་ཉར་འཁྱག་མཛོད་ཅིག་སྐྲུན་པ། མ་དངུལ་སྒོར་ཁྲི་3200བཏང་སྟེ་སྔོ་ཚལ་ཐད་ཚོང་རླངས་འཁོར་100ཉོས་པ། རྐང་ཞུགས་གཉེར་སྐྱོང་རྣམ་པར་བརྟེན་ནས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ཁྲི་800དཀའ་ངལ་ཡོད་པའི་མང་ཚོགས་1386གི་མ་རྐང་དུ་བརྩིས་ནས་ཁྲེང་ཀོན་ཆུས་ས་གཙང་བདེ་ཐང་ཞིང་ལས་ཀུང་སིར་བསྡུ་སྒྲིལ་བྱས་པ། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ”གྱི་བྱེད་སྟངས་གཞིར་བཟུང“སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་དང་། སྔོ་ཚལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་ཞིབ་ཚད་ལེན། སྔོ་ཚལ་སོས་པ་ལས་སྣོན། གསོས་ཉར་མཛོད་འཇུག སྔོ་ཚལ་ཐད་གཏོང་རླངས་འཁོར”བཅས་སྡེ་ཁུལ་དང་། སློབ་གྲྭ དགོན་པ་བཅས་སུ་སྐྱོད་པའི་ཐོན་མཁོ་ཚོང་གསུམ་གཞི་གཅིག་ཅན་གྱི་གཉེར་སྐྱོང་ལམ་བུ་ཞིག་ཆགས་པར་བྱས་ཡོད། མིག་སྔར་གྲོང་ཁུལ་གྱི་གྲོང་མི་འདུས་སྡོད་བྱ་ཡུལ་62ལ་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་བཀོད་སྒྲིག་བྱས་པ་དང་། སྔོ་ཚལ་གྱི་རིན་གོང་ཁྲོམ་རའི་རིན་གོང་ལས་10%ནས30%བར་དམའ་བ། ཉིན་ལྟར་རླངས་འཁོར་རེས་སྔོ་ཚལ་སྤྱི་རྒྱ་500ལྷག་ཙམ་སྡེབ་སྐྱེལ་བྱེད་པ། སྔོ་ཚལ་དང་། ཤ་རིགས། ཞིང་ཞོར་ཐོན་རྫས་བཅས་རིན་གོང་དམའ་པོས་འཚོང་བས་སྔོ་ཚལ་དཀོན་པ་དང་སྔོ་ཚལ་གོང་ཆེ་བའི་མང་ཚོགས་ཀྱི་གནད་དོན་དང་། སྔོ་ཚལ་ཚོང་དཀའ་བའི་ཚལ་འདེབས་ཞིང་པའི་གནད་དོན། མི་200ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་བཅས་ཐག་གཅོད་བྱུང་བ་མ་ཟད། ད་དུང་གཏོང་ཡོང་མགོ་ཐུག་དང་། ཁེ་ལྷག་ཕྲན་བུ། ཚལ་གོང་སྙོམས་སྒྲིག ཁྲོམ་ར་བརྟན་གཏོང་བཅས་ཀྱི་ས་གཙང་བདེ་ཐང་ཀུང་སིའི་སྔོན་དཔག་དམིགས་ཡུལ་ཡང་གྲུབ་ཡོད། ཁྲེང་ཀོན་ཆུས་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གིས་ཁྲེང་ཀོན་ཆུས་ས་གཙང་བདེ་ཐང་ཞིང་ལས་ཀུང་སི་དང་མ་རྐང་བགོ་བཤའི་འབྲེལ་ཡོད་འགན་འཁྲིའི་ཡི་གེ་བཞག་པ་ལས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ལོ་ལྟར་ཀུང་སི་ནས་ཁེ་འབབ་སྒོར་ཁྲི་180ལྷག་ཙམ་དང་། དུད་ཚང་རེར་སྒོར་4000 མི་རེར་ཆ་སྙོམས་སྒོར་1300བྱུང་ཡོད། དུས་མཚུངས་སུ་ཀུང་སིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ལས་གནས་250མཁོ་འདོན་བྱས་པ་དང་། ཟླ་རེའི་ཆ་སྙོམས་གླ་ཆ་སྒོར་2500ཟིན་པ། ལོ་རེའི་མི་རེའི་གླ་ཆའི་རང་བཞིན་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཟིན་ཡོད་པ་རེད།
ཉང་བྲན་ཤང་སྤྱི་བསུ་གྲོང་ཚོའི་བཞོན་མ་གསོ་ཚགས་རྣམ་གྲངས་ལ་ཆ་མཚོན་ན། བོད་སྐྱོར་མ་དངུལ་སྒོར་ཁྲི་800བཏང་ནས་རྟེན་གཞི་བསྐྲུན་པ་དང་། དབུལ་སྐྱོར་མ་དངུལ་སྒོར་ཁྲི་283བཏང་ནས་བཞོན་མ་ཉོས་ནས་གཅིག་སྡུད་གསོ་ཚགས་དང་དུད་ཚང་ཁག་བགོས་ཀྱི་གཡོག་བྱེད་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་པ་དང་། ཁྲེང་ཀོན་ཆུས་རིམ་པས་མ་དངུལ་སྒོར་ཁྲི་1040བཏང་སྟེ་གཟན་རྩྭ་འདེབས་འཛུགས་རྣམ་གྲངས་ལག་ལེན་བསྟར་བ། རང་འདེབས་དང་མངགས་ཉོ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་གཟན་རྩྭ་མུའུ་10000བཏབ་ནས་གཟན་རྩྭའི་གནད་དོན་ཐག་གཅོད་བྱས་ཡོད། དཀའ་ངལ་ཡོད་པའི་དུད་ཚང་གི་རྒྱབ་ཕྱོགས་སེམས་ཁྲལ་སེལ་ཆེད། རྟེན་གཞིས་བོད་ལྗོངས་ས་མཐོ་མཆོག་ནོར་འབྲིའི་འོ་མ་ཚད་ཡོད་ཀུང་སི་དང་ཧྲེང་ཅེ་ཞུའེ་འོ་ལས་ཚད་ཡོད་ཀུང་སི་དང་འོ་མ་ཉོ་སྒྲུབ་ཀྱི་གྲོས་མཐུན་ཡི་གེ་བཞག་ནས“གཅིག་གྱུར་དོ་དམ་དང་། གཅིག་གྱུར་རིམས་འགོག གཅིག་གྱུར་ཕ་སྦྱོར། གཅིག་གྱུར་བྲིན་ཚོང”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཡོང་འབབ་ཡུན་རིང་གཏོད་པའི་སྟེགས་བུ་བསྐྲུན་པ། གནད་སྨིན་དབུལ་སྐྱོར་བྱས་ཡོད་པ་བཅས་རེད།