དབུ་ཤོག>གསར་འགྱུར།
  • དམངས་འཚོ་ལེགས་སུ་བཏང་། དམངས་སེམས་བདེ་ལ་འཁོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-20

    ལོ་མང་རིང་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མཐའ་གཅིག་ཏུ་དམངས་འཚོར་མཐོང་ཆེན་དང་། དམངས་འཚོ་ལེགས་བཅོས། དམངས་འཚོའི་གནད་དོན་ཐག་གཅོད་བཅས་བྱེད་ཀྱི་ཡོད་ལ། མི་དམངས་གལ་ཆེ་ཤོས་སུ་འཇོག་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས། མང་ཚོགས་ལ་བྱ་བ་དངོས་དང་ལས་་བཟང་བསྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་།མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད་པ་རེད།

    སྤྱི་ཚོགས་རོགས་སྐྱོབ་མ་ལགའཐུས་སྒོ་ཇེ་ཚང་གཏོང་བ།

    འདི་ལོ་ཚུན་དུ་ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་འགན་ལེན་ལྔ་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“གཅིག་འཐུས་རྣམ་པའི”ཐོག་ནས་དུས་ཐོག་ཏུ་རྩིས་ཞུ་བྱེད་པའི་ཞབས་ཞུ་ལས་མང་ཚོགས་ལ་ཕན་པ་དངོས་དང་སྟབས་བདེ་སྐྲུན་ཡོད་པ་རེད།

    ཁྲེང་ཀོན་ཆུས་དན་བག་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གྲོང་མི་ཉི་མས་སེམས་འགུལ་ཆེན་པོས“ངའི་གཟུགས་པོ་གཏན་ནས་ཐང་པོ་མེད་པས། དེ་སྔ་སྨན་པ་བསྟེན་པར་འགྲོ་སྐབས་རྟག་ཏུ་སྨན་རིན་སྒོར་སྟོང་ཕྲག་ཁ་ཤས་སྤྲོད་དགོས་ཀྱི་འདུག ད་ཆ་དངོས་གནས་ཡག་པོ་འདུག ‘གཅིག་འཐུས་རྣམ་པའི’ཐོག་ནས་དུས་ཐོག་ཏུ་རྩིས་ཞུ་བྱེད་པའི་ཞབས་ཞུ་དེ་ལས་གཅིག་ནས་ང་ཚོའི་སྨན་རིན་མང་ཆེ་བ་ཐག་གཅོད་ཐུབ་པ་མ་ཟད། སྟབས་བདེ་ལ་མྱུར་བ་དང་དུས་ཐོག་ཏུ་ཞབས་འདེགས་ཞུ་བས། ཏང་དང་སྲིད་གཞུང་གིས་མི་སེར་ཚོར་གཅེས་སེམས་གནང་ལུགས་ང་ཚོས་གང་ལེགས་ཚོར་བྱུང”ཞེས་བཤད།

    ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་བསོད་ནམས་གཡང་སྐྱིད་ཀྱིས་ཁྲེང་ཀོན་ཆུས་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་སྟངས་གྲས་སུ་སྒོ་བསྟེན་སྨན་བཅོས་ཀྱི་རོགས་སྐྱོབ་དང་ནད་གཞི་ཚབས་ཆེན་གྱི་རོགས་སྐྱོབ་སོགས་ཚུད་ཡོད། མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་ངམ་ཡང་ན་དམངས་སྲིད་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཡིན་ཕྱིན། ཐེམ་ཐོ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར། མ་མཐའི་འཚོ་བ་འགན་ལེན་གྱི་ལག་ཁྱེར། གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་ལག་ཁྱེར་སོགས་དམངས་སྲིད་སྡེ་ཚན་གྱིས་གཏན་འཁེལ་བྱས་ནས་སྤྲད་པའི་རོགས་སྐྱོབ་ལག་ཁྱེར་ཁྱེར་ནས་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིར་རེ་ཞུ་བྱས་ཚེ། སྨན་ཁང་དུ་བསྡད་རྗེས་ཀྱི་ཉིན་གསུམ་ནང་ནད་པ་རང་ཉིད་དམ་ཡང་ན་སྨན་བཅོས་སྒྲིག་གཞིས་སྤྲད་པའི《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི“གཅིག་འཐུས་རྣམ་པའི”ཐོག་ནས་དུས་ཐོག་ཏུ་རྩིས་ཞུ་བྱེད་པའི་རེ་ཞུའི་ཞིབ་མཆན་རེའུ་མིག》དང་འབྲེལ་ཡོད་ལག་ཁྱེར་ཁྱེར་ནས་དམངས་སྲིད་སྡེ་ཚན་ནས་ཞིབ་མཆན་བཀོད་རྗེས་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིར་སྤྲད་དེ་སྔོན་ལ་ནད་གཞི་བཅོས་པ་དང་རྗེས་སུ་རྩིས་རྒྱག་པའི་ཞབས་ཞུ་དང་ལེན་བྱེད་ཆོག་པ་དང་། མི་རེར་ལོ་རེར་ཆ་སྙོམས་སྒོར་ཁྲི་10ཡི་སྨན་བཅོས་རོགས་སྐྱོབ་དངུལ་རག་གི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    མ་མཐའི་འགན་ལེན་སྲིད་ཇུས།མང་ཚོགས་ཡོངས་ལ་བསྟར་བ།

    “ང་དང་བཟའ་ཟླར་བུ་ཕྲུག་མེད། གཞོན་དུས་རང་ཉིད་ཀྱིས་ལས་ཀ་བྱེད་ཐུབ་ཀྱི་ཡོད་པས། ཁྱིམ་ཚང་སྐྱོང་ཐུབ་ཀྱི་ཡོད། ལོ་འདི་དག་ནང་ལོ་ན་མཐོ་རུ་ཕྱིན་ནས་ལས་ཀ་གང་ཡང་ལས་མི་ཐུབ་པས་ཁྱིམ་དུ་བཟའ་ཟླས་ཤོག་པང་བསྒྲུགས་ནས་ལྟོ་གོས་འཕྱིད་པ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ཁང་པ་ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་དུ་བགོ་བཤའ་བརྒྱབ་རྗེས། ང་གཉིས་ལ་མ་མཐའི་འཚོ་བའི་དངུལ་རག་བྱུང་བས། འཚོ་བར་སེམས་ཁྲལ་གཏན་ནས་བྱེད་དགོས་མི་འདུག ལོ་གསར་དང་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་སྲིད་གཞུང་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། སྡེ་ཁུལ་བཅས་ཀྱིས་ད་དུང་ང་ཚོར་ལྟ་བ་དང་འཚམས་འདྲི་བྱེད་པར་ཕེབས་ཀྱི་ཡོད་པས། ང་ཚོ་དངོས་གནས་སྐྱིད་པོ་འདུག”ཅེས་འདི་ལོ་ལོ་78ལ་སླེབས་པའི་འོ་བརྒྱལ་ཐང་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་འབྱོར་ལྡན་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བཤད།

    ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་གྲངས་འབོར་གཏན་འཁེལ་མེད་པར་སྟབས་བསྟུན་གྱི་དོ་དམ་ལག་ལེན་བསྟར་བས། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་གི་ལྟོ་གོས་ལེགས་སུ་ཕྱིན་ཡོད། ཟླ་སྟོད་ལ་སླེབས་རིམ་བཞིན་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱིས་ཐག་ཉེ་སའི་དངུལ་ཁང་ནས་ཟླ་རེའི་མ་མཐའི་འཚོ་བའི་དངུལ་ལེན་ཆོག་གི་ཡོད་པ་དང་། ལོ་གསར་དང་དུས་ཆེན་སྐབས་ཁྱིམ་ཚང་ཚང་མའི་འཚོ་བ་ལེགས་སུ་གཏོང་ཐུབ་ཀྱི་ཡོད།

    གཟིགས་སྐྱོང་བཀོད་སྒྲིག་ལས་དོན།སྤེལ་ཤུགས་ཆེ་རུ་གཏོང་བ།

    ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་དམག་བཀུར་ཁྱིམ་མིར་གཟིགས་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བས། འགོ་ཁྲིད་ཀྱིས་མཐོང་ཆེན་དང་། ལས་རིགས་ཀྱིས་རྒྱབ་སྐྱོར། མང་ཚོགས་ཞུགས་པ། དམག་དཔུང་དང་ས་ཁུལ་མཉམ་འགུལ་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ནས“གཉིས་བཀུར”བྱེད་སྒོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་པ་དང་། དམག་དཔུང་དང་ས་ཁུལ་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ། གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་དོན་འཁྱོལ་ཡག་པོ་ཐུབ་པ། དམག་དམངས་མཉམ་སྐྲུན་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུན་དགའ་སྒྲོན་མས་འདི་ལོ་ཁྲེང་ཀོན་ཆུས་ཀྱིས་གཟིགས་སྐྱོང་བྱ་ཡུལ་དང་གསར་བརྗེའི་ནང་རྨས་སྐྱོན་ཕོག་པ། དབང་པོ་སྐྱོན་ཅན་དམག་མིར་གཟིགས་སྐྱོང་དངུལ་གྲངས་ཚང་སྤྲོད་པ་དང་སྨན་བཅོས་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་སྒོའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཀོད་སྒྲིག་བྱེད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་ནས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།