“གཟའ་མཇུག་དང་ངལ་གསོའི་སྐབས་སྤོ་ལགས་དང་རྨོ་ལགས་ཀྱིས་ང་ཚོ་སྡེ་ཁུལ་ཨུ་ལྷན་དུ་རྩེད་མོ་རྩེ་བར་འཁྲིད་ཀྱི་ཡོད། དེ་གར་ང་ཚོས་གྲོགས་པོ་ཆུང་ཆུང་གཞན་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་། རི་མོ་འབྲི་བ། དེབ་ལྟ་བ་སོགས་བྱེད་ཀྱི་ཡོད”ཅེས་ལོ་བཞིར་སླེབས་པའི་བུ་མོ་ལྷ་མོས“བྱིས་པའི་ཁྱིམ་ཚང”གི་སྤྲོ་སྣང་སྐོར་བརྗོད་བྱུང་།
བྱིས་པའི་སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁོངས་གཏོགས་ཁུལ་གྱི་བྱིས་པ་ཚོར་སྤྲོ་གསེང་གཏང་ཡུལ་ཞིག་བསྐྲུན་ཆེད། 2014ལོ་ནས་བཟུང་ལྷ་ཞབས་གླིང་ཕྲན་སྡེ་ཁུལ་གྱིས“བྱིས་པའི་ཁྱིམ་ཚང”དེ་གྲབས་འཛུགས་བྱས་པ་དང་འབྲེལ། སྒོ་ཁྲི་ལྔ་རི་བའི་ཡོ་ཆས་ཉོས་ནས་འདི་ལོ་དངོས་སུ་བཙུགས་ཡོད།
“‘བྱིས་པའི་ཁྱིམ་ཚང’དེ་ཁོངས་གཏོགས་ཁུལ་གྱི་ལོ་18མན་གྱི་བྱིས་པར་བཙུགས་པ་ཞིག་རེད། མིག་སྔར་ཁོངས་གཏོགས་ཁུལ་དུ་ལོ་18མན་གྱི་བྱིས་པ་600ཙམ་ཡོད་པ་དང་། དེ་ཉིད་བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བྱིས་པའི་སྐར་ཁུང་དུ་འགྱུར་ཆེད། ‘བྱིས་པའི་ཁྱིམ་ཚང’དེ་བཙུགས་ཚུན། ཕྲུ་གུ་ཚོར་སློབ་ཕྱིའི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་ད་དུང་ཕྲུ་གུ་དེར་བཅོལ་ཆོག་གི་ཡོད། མིག་སྔར་སྡེ་ཁུལ་དུ་ཉིན་ལྟར་རྩེད་མོ་རྩེ་མཁན་གྱི་ཕྲུ་གུ་བདུན་ནས་བརྒྱད་བར་ཡོང་གི་ཡོད། དུས་ཆེན་དང་ངལ་གསོའི་སྐབས་མང་དུ་འགྲོ་གི་འདུག”ཅེས་ལྷ་ཞབས་གླིང་ཕྲན་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་སྤེན་པ་བཀྲ་ཤིས་ཀྱིས་བརྗོད།
དེ་གར་སྡེ་ཁུལ་གྱི་ལས་དོན་མི་སྣས་ཆུ་ཚོད་བཅུ་ཕྲུ་གུར་ལྟ་སྐྱོང་བྱེད་པ་དང་། གལ་ཏེ་ཁྱིམ་བདག་ལ་ཕྲུ་གུ་ལྟ་ཁོམ་མེད་ན། ཕྲུ་གུ་དེར་བསྐྱལ་ཚེ་སྡེ་ཁུལ་གྱི་ལས་དོན་མི་སྣས་ལྟ་གི་ཡོད།
“བྱིས་པའི་ཁྱིམ་ཚང”གི་འགན་འཁུར་བ་བཀྲ་ཤིས་ཀྱིས“འདི་གར་གློག་རྡུལ་གྱི་ཀང་ཆིང་དང་། མིག་མངས། གློག་ཀླད། བརྙན་འཕྲིན། རྩེད་ཆས་བཅས་མང་པོ་ཡོད་པས། ཕྲུ་གུ་དེ་གར་ཡུན་རིང་བསྡད་ཀྱང་ཉོབ་པའི་སྣང་བ་མེད། སྡེ་ཁུལ་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་བྱིས་པ་དང་ཡང་ན་ཕྱོགས་མིའི་ཕྲུ་གུ་གང་ཡིན་ཡང་། ལོ་བཞི་ནས་ལོ་12བར་གྱི་ཕྲུ་གུ་ཡིན་ཚེ། ཚང་མ་ངལ་གསོའི་སྐབས་འདི་གར་རྩེད་མོ་རྩེ་བར་ཡོང་ཆོག”ཅེས་བརྗོད།
“བྱིས་པའི་ཁྱིམ་ཚང”བཙུགས་པ་དང་ཆབས་ཅིག སྡེ་ཁུལ་དུ་ད་དུང“ཆུ་ཚོད་བཞི་པའི་སློབ་ཚན”འཚོགས་ནས་གཟའ་འཁོར་རེར་སྡེ་ཁུལ་དུ་སློབ་གསོའི་སློབ་ཚན་ཁྲིད་དེ་ཕྲུ་གུ་ཚོར་བདེ་ཐང་སློབ་གསོ་དང་། བཅའ་ཁྲིམས་སློབ་གསོ། བདེ་འཇགས་སློབ་གསོ། ཀུན་སྤྱོད་སློབ་གསོ་བཅས་འཁྲིད་ཀྱི་ཡོད། ད་དུང་ཟུར་ཁྲིད་འཛིན་གྲྭ་བཙུགས་ཡོད་པ་དང་ཟླ་རེར་ཕྲུ་གུ་ཚོ་ཁོར་ཡུག་བཅོས་སྒྲིག་བྱེད་སྒོར་ཞུགས་སུ་བཅུག་ནས་ཕྲུ་གུ་ཚོར་དེ་མིན་གྱི་ཤེས་བྱ་སློབ་ཀྱི་ཡོད།
“ད་ལྟའི་བྱེད་སྒོ་ཁང་དེ་དེ་སྔའི་སྡེ་ཁུལ་གྱི་དམངས་ཕན་ཚོམས་ཆེན་ཡིན་པས། ས་ཆ་རྒྱ་ཆེ་བར་བརྟེན། ཕྲུ་གུ་ཚོར་རྩེད་མོ་རྩེ་ས་གུ་ཡངས་པོ་ཞིག་ཡོད། ད་དུང་ས་ཆ་ལྷག་མའི་ཐོག་ལུས་སྦྱོང་ཡོ་ཆས་སྒྲིག་སྦྱོར་བྱས་ནས‘བུད་མེད་ཀྱི་ཁྱིམ་ཚང’བཙུགས་ཏེ་ཁོངས་གཏོགས་ཁུལ་གྱི་ཨ་མ་ཚོར་སྟབས་བདེ་བསྐྲུན་རྒྱུ་དང་འབྲེལ། ཕྲུ་གུ་ཚོ་སྡེ་ཁུལ་དུ་སློབ་སྦྱོང་དང་རྩེད་མོ་རྩེ་ཞོར་དུ་ཨ་མ་དང་མཉམ་དུ་ལུས་སྦྱོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་སྤེན་པ་བཀྲ་ཤིས་ཀྱིས་བརྗོད།