དབུ་ཤོག>གསར་འགྱུར།
  • སེམས་ཤུགས་གཅིག་སྒྲིལ་གྱིས“དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན”ལེགས་སྒྲུབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-20

    《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཡིན། ངེས་པར་དུ་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། བླང་བྱ་དེ་ལས་དབུལ་སྐྱོར་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་མངོན་གསལ་དོད་པ་དང་ས་གནས་ཁག་གིས་ཞན་ཆ་གང་མགྱོགས་གསབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།

    “དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན”གསལ་བཟོ་བྱས་པ་དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་རིག་པ་དྭངས་གསལ་ངང་ངོས་འཛིན་བྱ་རྒྱུར་གཞིགས་པ་ཡིན་ལ་དབུལ་སྐྱོར་འགག་སྒྲོལ་གྱི་སྤྱི་ཡོངས་ལ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱ་རྒྱུར་གཞིགས་པ་ཞིག་ཀྱང་ཡིན། ལོ་བཅུ་ཕྲག་ལྷག་ཙམ་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རང་རྒྱལ་གྱིས་འཛམ་གླིང་ཐོག་མཐོང་དཀོན་པའི་དབུལ་སྐྱོར་འགག་སྒྲོལ་གྱི་ངོ་མཚར་བཏོད་ཡོད་མོད་འོན་ཀྱང་དབུལ་སྒྲོལ་གྱི“དམག་བརྡ་གཏོང་བའི”ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད། རང་རྒྱལ་གྱིས་ལག་ལེན་བསྟར་བཞིན་པའི་དབུལ་སྒྲོལ་ཚད་གཞི་གཞིར་བཟུང་། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ད་དུང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་7017ཡོད། མི་འབོར་དབུལ་པོའི་བལྟོས་མེད་གྲངས་འབོར་མང་བ་ཕུད་དབུལ་ཤུགས་ཆེ་བ་དང་། དབུལ་པོའི་གཞི་ཁྱོན་ཆེ་བ། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་གཏོང་ནུས་ཞན་པ་སོགས་ཀྱང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཞིག་རེད།

    “དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན”ལེགས་སྒྲུབ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ཞན་ཆ་ཁ་གསབ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་དང་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་སྙོམས་རང་བཞིན་གོང་མཐོར་གཏོང་བའི་དགོས་ངེས་ཀྱི་བྱ་ཐབས་ཤིག་ཡིན། “ལོ་ལྔ་ཚན་བཅུ་གསུམ་པ”ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་ཤིག་ཡིན་པས་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། དཀའ་ངལ་མང་བ་བཅས་ཡོད་པ་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་7000ལྷག་ཙམ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་མིན་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་མེད་དང་འབྲེལ་བ་ཡོད་ལ་མི་དམངས་ཀྱི་བདེ་སྐྱིད་དང་ཡང་འབྲེལ་བ་ཡོད།

    “དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན”ལེགས་སྒྲུབ་བྱེད་པར་གནད་སྨིན་དབུལ་སྐྱོར་དང་ཁ་འབྲལ་ཐབས་མེད། ས་ཆ་ཁག་གི་དབུལ་པོའི་གནས་བབ་དང་དབུལ་སྒྲོལ་ལས་འགན་མི་འདྲ་བས་ངེས་པར་དུ་མི་དང་ཡུལ་བབ་དང་བསྟུན་པ་དང་མི་དང་ཡུལ་ཁག་ལ་ཐབས་ཇུས་མི་འདྲ་བ་འདོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཐོན་སྐྱེད་རོགས་སྐྱོར་དང་ཁག་གཅིག་ལས་ཞུགས་འཕེལ་རྒྱས་གཏོང་བ་དང་། ཁག་གཅིག་གནས་སྤོ་བཀོད་སྒྲིག་བྱེད་པ། སྣོད་བཅུད་སྲུང་སྐྱོང་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་སྲིད་ཇུས་མཐིལ་རྟོགས་ཁག་གཅིག་བཅས་བྱས་ནས་གོམ་པ་རེ་རེ་བཞིན་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།

    དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་གོ་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པ་དང་ཚན་རིག་དང་མཐུན་པའི་རིམ་མཐོའི་ཇུས་འགོད་བྱེད་དགོས་ལ་གཞི་རིམ་དུ་ལག་བསྟར་ཏན་ཏིག་བྱེད་དགོས། ལྷག་པར་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཅའོ་ཡུས་ལུའུ་དང་ཁུང་ཧྥེན་སེན་སོགས་ཕུལ་བྱུང་གུང་ཁྲན་ཏང་ཡོན་མིག་དཔེར་འཛིན་ཏེ་སྤྱི་ཞབས་པའི་རང་བཞིན་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་ཧུར་ཐག་གཏོང་བ་དང“སྣེ་ཁྲིད་པ”ཡག་པོ་བྱེད་པ་དང“ཞབས་ཞུ་བ”ཡག་པོ་བྱས་ཐོག་མཐུན་སྒྲིལ་ངང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འགྲིལ་ཤུགས་ཆགས་པ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་དང་སྙིང་སྟོབས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།