ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་ཚང་དུ་བཏང་ནས་བཟའ་ཚོ་གཅིག་གིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་རྦད་དེ་ལག་ལེན་བསྟར་རྒྱུ་བཏོན་ཡོད། “ཕྲུ་གུ་གཉིས་རྦད་དེ་མང་དུ་སྐྱེ་ཆོག་པ”ནི་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དུས་རབས་ཡར་རྒྱས། དུས་གནས་རྟོགས་དཔྱོད་བཅས་ལ་གཞིགས་ནས་བཟོས་པའི་ཐབས་ཇུས་ཤིག་རེད། མི་འབོར་སྲིད་ཇུས“དམ་དྲག”ནས་རིམ་བཞིན“ལྷུག”ཏུ་བཏང་བ་ནི་དུས་བསྟུན་འཕེལ་རྒྱས་ཀྱི་སྙོམས་སྒྲིག་ཅིག་རེད།
ལོ་40ལྷག་ཙམ་རིང་འཆར་ལྡན་བུ་བཙས་རང་རྒྱལ་གྱི་མི་འབོར་འཕར་ཚུལ་མགྱོགས་པའི་རྣམ་པར་ཚོད་འཛིན་ནུས་ལྡན་ཐུབ་ནས་ཐོན་ཁུངས་ཁོར་ཡུག་ལ་གནོན་ཤུགས་ཕོག་ཚད་ཆུང་དུ་ཕྱིན་པ་མ་ཟད། དུས་ཚོད་རིང་པོ་ཞིག་ནང་མི་འབོར་ལ་ཁེ་སྤོགས་བྱུང་ཡོད། སྐབས་དེར་མི་འབོར་འཕར་མགྱོགས་དྲགས་པར་ཚོད་འཛིན་བྱ་ཆེད་བུ་གཅིག་མའི་སྲིད་ཇུས་ལག་ལེན་བསྟར་བ་དེ་ནི་དུས་སྐབས་ངེས་ཅན་ཞིག་ནང་བྱེད་དགོས་ངེས་ཤིག་ཡིན་ལ་ལུགས་མཐུན་ཡང་རེད།
དུས་རབས་གསར་པར་སླེབས་སྐབས། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་ཕྱིན་ཡོད། མི་འབོར་གྱི་སྤྱི་འབོར་འཕར་བའི་རྣམ་པ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པ་དང་། ངལ་རྩོལ་བྱེད་མཁན་མི་འབོར་ཉུང་དུ་འགྲོ་འགོ་ཚུགས་ནས་རྒན་རྒོན་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཁྱིམ་ཚང་གི་རྒན་གསོ་བྱིས་སྐྱོང་གི་ནུས་པ་ཉམས་ཞན་དུ་ཕྱིན་ནས་ཕྲུ་གུ་ཉུང་ཙམ་སྐྱེ་བ་དང་ལེགས་བཙའ་བྱ་རྒྱུ་སྤྱི་ཚོགས་ཀྱི་བུ་བཙའི་འདུ་ཤེས་ཀྱི་གཙོ་རྒྱུན་དུ་གྱུར་ཡོད། མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པ་འཚམ་ཆེད། ཀྲུང་དབྱང་གིས་དུས་གནས་རྟོགས་དཔྱོད་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི”སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་རེད།
ད་ཆ་བཟའ་ཚོ་གཅིག་ལ་ཕྲུ་གུ་གཉིས་ཡོངས་སུ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་དེ་ནི་རྒྱལ་ཁབ་ཀྱིས་མི་འབོར་དང་། དཔལ་འབྱོར། སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ཏེ་མི་འབོར་སྲིད་ཇུས་ལ་སླར་ཡང་ལེགས་སྒྲིག་ཆེན་པོ་བྱས་པ་ཞིག་རེད། ལེགས་སྒྲིག་རིམ་པས་བྱས་པ་དེས་མི་འབོར་གྱི་ཕྲུ་གུ་སྐྱེ་ཚད་འཕར་ཆག་ཆེན་པོ་ཡོང་མི་ཐུབ།
མི་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་རེད། ང་ཚོས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་ཐོན་སྐྱེད་བྱེད་སྒོར་ཞུགས་པའི་འགོ་འཛུགས་ས་དང་དོན་ལ་བབ་ས་ཚང་མ་མི་རེད། དེར་བརྟེན་མི་འབོར་གྱི་སྲིད་ཇུས་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་བཏང་ནས་མཐའ་མཇུག་གི་ལེགས་སྒྲིག་དམིགས་ཚད་ནི་མི་འབོར་གྱི་གྲངས་འབོར་ཚོད་འཛིན་བྱེད་པ་དང་དུས་མཚུངས། མི་འབོར་གྱི་གྲུབ་ཆའི་ཐད་གནས་པའི་གནད་དོན་ཡོ་བསྲང་བྱས་ཏེ་མི་འབོར་ཡུན་རིང་དོ་སྙོམས་གོང་འཕེལ་ཡོང་བ་བྱེད་དགོས་པ་དེ་རེད། གཞན་ཡང“ཚང་མར་ཕྲུ་གུ་གཉིས་སྐྱེ་ཆོག་པའི”རྗེས་མཐུད་སྲིད་ཇུས་མང་དག་ཅིག་གི་ཐད“དུས་བསྟུན་འཕེལ་རྒྱས”ཀྱི་དགོངས་དོན་ལ་གཞིགས་ནས་སྦྲེལ་མཐུད་བྱེད་དགོས།