དབུ་ཤོག>གསར་འགྱུར།
  • ཁྲལ་བསྡུའི་འདེགས་ཤིང་ཏན་ཏིག་ངང་ཡག་པོ་སྤྱོད་དགོས།

  •     རྩོམ་པ་པོ།  ཐང་ཏ་ཧྲན་གྱིས།   |     སྤེལ་དུས།  2015-11-18

    ཁྲལ་བསྡུའི་སྲིད་ཇུས་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤིང་ལྟ་བུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ཡིན་པའི་བོད་དུ་ཀྲུང་དབྱང་དང་ས་གནས་ཀྱིས་དམིགས་བསལ་གྱི་སྲིད་ཇུས་མང་པོ་ལག་བསྟར་བྱས་པ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་རང་ལྗོངས་ཀྱི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་མཚོ་སྔོན་གོར་མོར་ཡོད་པའི་མཚོ་བོད་བཟོ་ལས་གླིང་དུ་བཅའ་སྡོད་བྱས་པའི་ཁེ་ལས་ཁག་གཅིག་གིས་ཁྲལ་ཚད་ཧ་ཅང་དམའ་བའི་སྒོ་ནས་ཁྲལ་འཇལ་གྱི་ཡོད་པ་དེ་ཁོང་ཚོའི་ངོས་ནས་བརྗོད་ན་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་པ་རང་རེད། ད་དུང་ཁེ་ལས་ལ་ལས་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་ལོངས་སྤྱོད་བྱས་པས་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་དེས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་ཐ་ན་ཆ་རྐྱེན་འཛོམས་པའི་རྫོང་ཁག་གཅིག་གི་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཁག་གཅིག་ཆར་རྗེས་སྨྱུག་རྩ་རྒྱས་པ་བཞིན་བསྐྲུན་ཡོད། ས་གནས་དེ་ག་ནས་ཐོན་པའི་ཉིན་མཁོའི་དངོས་རྫས་དང་། ཡང་བའི་བཟོ་ལས་ཐོན་རྫས། ལག་ཤེས་བཟོ་ལས་ཐོན་རྫས་བཅས་དང་ཞིང་འབྲོག་ཐོན་རྫས་སོགས་ཁྲོམ་རའི་ཐོག་གང་དགོས་ཅི་ཡོད་ཡིན་པས་ཉིན་རེ་བཞིན་འཕར་བའི་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་ལ་དགོས་མཁོས་ཀྱང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་ནི་སྨོས་མེད་ཅིག་རེད།

    དེ་ལས་ལྡོག་སྟེ་ལྗང་མདོག་ཁེ་ལས་མིན་པའི་ཁེ་ལས་ལ་སྲིད་གཞུང་གིས་ཚོད་འཛིན་སྲིད་ཇུས་ལག་བསྟར་བྱས་པ་སྟེ། དཔེར་ན། ཁྲལ་ཚད་མཐོ་རུ་གཏོང་བ་དང་། སྦགས་བཙོག་བཟོ་མཁན་ཁེ་ལས་བཅའ་སྡོད་བྱེད་མི་ཆོག་པའི་བྱ་ཐབས་སྤྱད་པ་དེ་རེད།

    ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ངོས་ནས་བརྗོད་ན་ཁྲལ་ཚད་དམའ་བ་དང་ཐ་ན་དཔྱ་ཁྲལ་འཇལ་མི་དགོས་པ་ནི་རོགས་སྐྱོར་བྱས་པ་ཞིག་རེད། བོད་དུ་ཡོད་པའི་ཁེ་ལས་ངོས་ནས་བརྗོད་ན་གོ་སྐབས་དམ་བཟུང་གིས་ཁྲལ་བསྡུའི་སྲིད་ཇུས་ལོངས་སྤྱོད་གང་ལེགས་བྱེད་དགོས། དེའི་ཐད་ཇི་ལྟར་བྱས་ནས་མཚོན་པ་བྱེད་དགོས་སམ་ཞེ་ན། སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་ཁྱད་ཆོས་མངོན་པ་བྱས་ཏེ་ཁེ་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དེ་བས་མང་བའི་ཐོན་རྫས་སམ་ཡང་ན་དེ་བས་མང་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་དགོས།

    ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་ད་དུང་བྱ་གཞག་གཏོད་མཁན་ལ་བར་མཐོངས་ཤིག་མཁོ་འདོན་བྱས་ཡོད། བྱ་གཞག་གཏོད་མཁན་མང་ཆེ་བར་ཐོག་མའི་དུས་མཚམས་སུ་མ་དངུལ་དཀོན་པའི་རྐྱེན་གྱིས་སྙིང་རུས་ཆེན་པོ་ཡོད་ཀྱང་བྱ་བ་སྒྲུབ་དཀའ་བའི་གནས་ཚུལ་རྒྱུན་དུ་ཐོན་གྱི་ཡོད། བོད་དུ་སྲིད་ཇུས་ཡག་པོ་ཡོད་པ་སྟེ། སྐུ་ཉིད་ལ་ནུས་པ་ལྡན་ཚེ་བྱ་གཞག་གཏོད་པའི་རྒྱལ་སྒོ་ཐོག་མཐའ་བར་གསུམ་དུ་སྙིང་རུས་ཅན་ལ་ཕྱེ་ཡོད། སློབ་ཆེན་སློབ་མས་རང་རྟེན་གསར་གཏོད་བྱ་སྐབས་ད་དུང་སྲིད་གཞུང་གིས་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ཁར་ཚོང་པར་གཟིགས་སྐྱོང་བྱེད་ལུགས་དེ་བས་ཀྱང་ཇི་མ་ཇི་བཞིན་མཚོན་གྱི་ཡོད།

    ཁྲལ་བསྡུའི་སྲིད་ཇུས་ཡག་པོ་ཡོད་པས། ཁེ་ལས་སམ་ཡང་ན་ཁེར་རྐྱང་བཟོ་ཚོང་ལས་རིགས་སུ་འདྲ་ཞིག་ཡིན་རུང་ཚང་མས་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་སྒྲིག་སྲོལ་ལམ་ལུགས་ལྟར་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་དགོས། སྲིད་གཞུང་གིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ང་ཚོར་འཕེལ་རྒྱས་ཀྱི་བར་མཐོངས་ཤིག་མཁོ་འདོན་བྱས་ཡོད་པས་ཚང་མས་བློ་ཁོག་ཆེན་པོས་ལས་ཀ་བྱེད་ཆོག འོན་ཀྱང་རང་ཉིད་དང་། འཛད་སྤྱོད་པ། སྤྱི་ཚོགས་བཅས་ལ་འགན་འཁུར་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།