འགོ་འཛུགས་ས་གསར་པའི་ཐོག་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
ཆེད་བརྗོད།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། “ལོ་ལྔ་ཚན་བཅུ་གཉིས་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་གསུམ་པ”འཆར་འགོད་བྱེད་པའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྐུལ་སློང་ཚོགས་ཆེན་འཚོགས་ནས་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་སྔར་བས་དོན་འཁྱོལ་བྱས་ཏེ་ཕན་འབྲས་སྲ་བརྟན་དང་མཐོར་གཏོང་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ལུགས་བསྟན་ཡོད།
མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུ་ནི་རང་རེའི་ཏང་གི་ཕ་ནོར་ལྟ་བུ་ཡིན། ཇི་ལྟར་བྱས་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་སམ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་བྱས་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་དང་བྱ་སྤྱོད་འཕྲལ་མར་སྤེལ་བ་དང་། སྐུལ་སློང་གཏིང་ཟབ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ། འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བ་བཅས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་དེ་ལྟེ་བའི་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་དང་། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚོས་འཐབ་ས་དང་པོར་སྐྱོད་པ་དང་ཤང་གྲོང་དུ་གཞི་ཚུགས་པ་དང་། ཁྱིམ་ཆུང་དོར་བ་དང་ཁྱིམ་ཚང་ཆེ་མོར་ལྟ་རྟོག་བྱས་ཏེ་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས། མཐའ་མཚམས་སྲ་བརྟན་བཅས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ནས་བློ་དཀར་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོའི་ཐོག་མངོན་པ་བྱས་པ་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོས་ཚོར་ཐུབ་པ་བྱས་པར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད། ཏང་གི་ལས་ཀའི་ལྟེ་བ་གཞི་རིམ་དུ་ཡོད་ལ་ལས་ཀའི་གཙོ་གནད་ཀྱང་གཞི་རིམ་དུ་ཡོད། ཁག་བཞི་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མུ་མཐུད་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ། བསམ་པ་རྣམ་དག་གིས་དམངས་ཀྱི་དཀའ་ངལ་སེལ་བ། དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་པ། ལས་བྱེད་པའི་སྤྱོད་ཚུལ་སྦྱོང་བརྡར་བཅས་བྱས་ཏེ་གཞི་རིམ་གྱི་བསམ་བློའི་རྨང་གཞི་དང་། དངོས་པོའི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི། ལས་ཀའི་རྨང་གཞི་བཅས་སྔར་བས་བརྟན་དུ་བཏང་ཡོད། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་རྒྱག་པའི་འགག་རྩའི་ཐབས་ཇུས་ཤིག འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་བཅས་ཡིན་པས་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཡོད་པས་གྲུབ་འབྲས་ཆེ་ལ། བྱས་རྗེས་གཟེངས་སུ་ཐོན་པ་དང་། མིག་སྔར་ཕན་ཐོགས་པ་མ་ཟད་ཕུགས་ལའང་ཕན་ཐོགས་པ་ཞིག་ཡོད། མིག་སྔར་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། དུས་བབ་གསར་པའི་འོག་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་རྒྱུ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག “ནན་གསུམ་དྲང་གསུམ”གྱི་བླང་བྱ་དོན་འཁྱོལ་དང་། ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ། བོད་དུ་ཡོད་པའི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་དང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ང་ཚོས་ངེས་པར་དུ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་ཀའི་གཙོ་གནད་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཡུན་རིང་མཐའ་འཁྱོངས་དང་བྱས་རྗེས་ཡུན་རིང་འཇོག་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་ཀྱིས་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་དོན་འཁྱོལ་གྱིས་དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ལེགས་པའི་རྣམ་འགྱུར། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་བསམ་བློའི་ངོས་འཛིན་ཐད་མཐོར་གཏོང་གསར་པ་དང་། ལས་ཀའི་དམིགས་ཚད་ཐད་ངེས་གནས་གསར་པ། ལས་འགན་དོན་འཁྱོལ་ཐད་ཕན་འབྲས་གསར་པ་བཅས་ཡོད་པ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་དང་བློ་བརྟན་འགྱུར་མེད་ངང་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་དགོས།
“མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན” དུས་བབ་གསར་པ་དང་ལས་འགན་གསར་པས་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཐད་བླང་བྱ་གསར་པ་བཏོན་ཡོད། ད་རེས་ཀྱི་ཚོགས་འདུའི་ཐོག་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད། ལས་འགན་བཅས་གཙོ་བོ་ཁ་གསལ་བཏོན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ཟུང་འབྲེལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐུན་ཐུབ་པ་བྱེད་པའི་དམིགས་ཚད་གཏན་འཁེལ་གྱིས་གཞི་རིམ་རྩ་འཛུགས་སྟོབས་ཆེན་འཛུགས་སྐྲུན་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ། བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་བཅས་ཀྱི“ལས་འགན་ཁག་ལྔ”ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་ལ་སྐུལ་མ་གཏོང་བ། དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་དབུལ་པོའི་མི་འབོར་ཁྲི་77.7ཡོད་པ་དེ་དག་ལོ་རེ་བཞིན་ཇེ་ཉུང་དུ་བཏང་ནས་མགྱོགས་མྱུར་དབུལ་སྒྲོལ་གྱིས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་དགོས། “5+2”ཀྱི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩ་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་པ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྡུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བ་བྱེད་པའི་གཞི་རྩ་དེ་ཡིན།
འགན་འཁྲི་ཆེ་རུ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུ་དེ་ནི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། མངགས་གཏོང་ཚན་པ་ཁག གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅས་ཀྱིས་འགན་འཁྲི་བགོ་བཤའ་དང་ལས་འགན་གསེད་བཀྲོལ་ཏན་ཏིག་བྱེད་པ་དང་ལེགས་པའི་ཁྲོད་ནས་ཕུལ་བྱུང་འདེམས་པ་དང་ཕུལ་བྱུང་ཁྲོད་ནས་འཇོན་ཐང་ཅན་འདེམས་པའི་རྩ་དོན་མཐའ་འཁྱོངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྟོབས་ཆེན་བཀོད་སྒྲིག་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ནན་པོ་སྲུང་ནས་འགྲོ་གྲོན་འགན་ལེན་དང་། འཚོ་བ་འགན་ལེན། བདེ་འཇགས་འགན་ལེན་བཅས་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གླེང་ཕྱོགས་ཀྱི་རྣམ་པ་བཏོད་དེ་བྱེད་ཐབས་ནུས་ལྡན་སྤྱད་ནས་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག་འགོ་འཛུགས་ས་གསར་པའི་ཐོག་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་མ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣