
ཟླ་11ཚེས་15ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་པ་ཐུར་ཁེའི་ཨན་ཐ་ལི་ཡར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས《འཕར་ལམ་གསར་གཏོད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་པ་དྲན་རྟེན་སྐུ་པར་སྒྲོན་པའི་གནས་ཚུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཐུར་ཁེའི་ཨན་ཐ་ལི་ཡ་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་པ་ཐུར་ཁེའི་ཨན་ཐ་ལི་ཡར་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《འཕར་ལམ་གསར་གཏོད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཐད་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
དབུ་ཚོགས་འགོ་མ་ཚུགས་གོང་ཞིས་ཅིན་ཕིང་ཚོགས་ཞུགས་འགོ་ཁྲིད་པ་གཞན་དག་དང་ལྷན་དུ་རིམ་བཞིན་ཕེབས་འབྱོར་བྱུང་སྐབས་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཕེབས་བསུ་ཞུས་པ་རེད།
ས་གནས་དེ་གའི་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཡི་ཐོག་ཚོགས་འདུ་འགོ་ཚུགས་ཤིང་། ཨེར་ཏུའོ་ཨན་གྱིས་གཙོ་སྐྱོང་གནང་བ་རེད། ཚོགས་ཞུགས་འགོ་ཁྲིད་པས་དང་ཐོག་ཡར་བཞེངས་ནས་ཕ་རི་སིར་ཐོན་པའི་མུ་འབྲེལ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ད་རེས་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཐུན་མོང་ཐོག་བྱ་སྤྱོད་སྤེལ་ནས་ཁོང་ཡངས་དང་བརྟན་པོའི་ངང་དཔལ་འབྱོར་འཕར་བ་བྱེད་དགོས”ཞེས་པ་དེ་རེད། ཚོགས་ཞུགས་འགོ་ཁྲིད་པས་འཛམ་གླིང་གི་དཔལ་འབྱོར་དུས་བབ་དང་། ཕྱོགས་ཡོངས་ནས་འཕར་བའི་འཐབ་ཇུས། ལས་ཞུགས་དང་མ་འཇོག་སོགས་གྲོས་དོན་ལ་དམིགས་ནས་གཟིགས་ཚུལ་གསུངས་པ་རེད།
ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལས་འགན་ནི་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཕྲལ་རྐྱེན་བཅོས་ནས་མིག་སྔའི་བརྟན་འཕར་བརྩོན་ལེན་བྱེད་དགོས་ལ་རྩ་བ་བཅོས་ནས་ཕུགས་ཀྱི་ཕྱིར་སྒུལ་ཤུགས་བསྣན་དགོས་པ་དང་། དེ་སྔའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་དགོས་ལ་ཐུན་མོང་གི་ངོས་འཛིན་གསར་པ་ཡང་གཅིག་སྡུད་བྱེད་དགོས་པ། རྒྱལ་ནང་དུ་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ལ་བསམ་པ་རྣམ་དག་ངང་མཐུན་སྒྲིལ་བྱས་ནས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་ཞེས་བསྟན་པ་རེད།
ཞིས་ཅིན་ཕིང་གིས་གཤམ་གསལ་གྱི་གྲོས་འགོ་ཁ་ཤས་བཏོན་པ་རེད། དང་པོ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཐད་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་བྱ་སྤྱོད་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པ་དང་། གཉིས་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་གྱི་ཡུན་འབྲིང་ཡུན་རིང་འཕར་བའི་མི་མངོན་པའི་ནུས་པ་ཆེ་རུ་གཏོང་དགོས་པ། གསུམ་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་ཏེ་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་གི་གསོན་ཤུགས་འཕེལ་བ་བྱེད་དགོས་པ། བཞི་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ་དྲང་གཞག་དང་ཁོང་ཡངས་ངང་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ་བཅས་རེད།
ཞིས་ཅིན་ཕིང་གིས་དཔལ་འབྱོར་མྱུར་ཚད་འབྲིང་མྱུར་གྱི་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་ཀྲུང་གོར་གདེང་ཚོད་དང་ནུས་པ་ཡོད། འཛམ་གླིང་དཔལ་འབྱོར་ལ་དཀའ་ངལ་ཆེ་ཤོས་འཕྲད་པའི་སྐབས་སུ་ཀྲུང་གོས་དཔལ་འབྱོར་འཕར་ཐབས་ཀྱི་ལས་འགན་ལྕི་པོ་འཁུར་ཡོད། ད་ལོ་ཀྲུང་གོའི་དཔལ་འབྱོར་སྔོན་དཔག་བྱས་ན་7%ཙམ་འཕར་ཐུབ་པ་དེས་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་ཚད་ཀྱི་གསུམ་ཆ་གཅིག་བཟུང་རྒྱུ་ཡིན་པ་དང་། སྔར་བཞིན་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལ་གཞིགས་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ནང་གཏིང་ཟབ་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་བྱ་རྒྱུ། ཕྱོགས་ཡོངས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་ཐུབ་པ་བྱ་རྒྱུ་བཅས་རེད་ཅེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི་ཞིབ་བཤེར་སྙན་ཞུའི་ནང་མི་དམངས་ཤོག་སྒོར་གྱིས“རང་མོས་སྤྱོད་ཆོག་པའི”ཚད་གཞི་བསྐངས་སླེབས་ཡོད་པས་མི་དམངས་ཤོག་སྒོར་དམིགས་བསལ་དངུལ་ལེན་དབང་ཆའི་དངུལ་ལོར་འཆར་གཞིའི་ནང་འཇོག་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་དགའ་བསུ་ཞུས་ཏེ། དེ་ནི་དམིགས་བསལ་དངུལ་ལེན་དབང་ཆའི་མཚོན་བྱེད་རང་བཞིན་དང་ཡིད་འགུག་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ལ་རྒྱལ་སྤྱིའི་དངུལ་ལོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་དངུལ་རྩ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཡང་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཟླ་དེའི་ཟླ་མཇུག་གི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་ལག་བསྟར་ལས་འཛིན་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཚོགས་ཞུགས་འགོ་ཁྲིད་པ་རྣམ་པས་ཕྱོགས་ཁག་གིས་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་མི་འདང་བའི་གནད་དོན་ལ་ཁ་གཏད་གཅོག་དགོས། དོ་སྙམས་མེད་པའི་གནད་དོན་ཐག་གཅོད་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཡོང་འབབ་འབྲིང་དམའི་མི་ཚོགས་ཀྱི་ཉོ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ནས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་མགྱོགས་སུ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཁོངས་ཞུགས་རྒྱལ་ཁབ་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ལ་གཞིགས་ནས། གྲོས་བསྡུར་བྱས་ཏེ་ལུགས་མཐུན་དང་། དོ་སྙོམས། རྒྱུན་མཐུད་བཅས་ཀྱི་ཇུས་གཞི་བཟོས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་ད་དུང་འཕེལ་རྒྱས་དང་། གནམ་གཤིས་འགྱུར་ལྡོག འཇིགས་རྒོལ། ཡོ་རོབ་ཀྱི་ཉེན་གྱར་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།