དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་དབང་འདུས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-15

    “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་མིན་གྱི་འགག་རྩ་ནི་སྣོད་བཅུད་ཁོར་ཡུག་ལ་རག་ལས་ཡོད”ཅེས་ཉིན་ཤས་གོང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དབང་འདུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་རེད། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལྗང་མདོག་འཕེལ་རྒྱས”དེ་འཕེལ་རྒྱས་ཀྱི་འདུ་ཤེས་ལྔ་པོའི་གྲས་སུ་བཅུག་ནས་མི་དང་རང་བྱུང་ཁམས་ཞི་མཐུན་ཡོང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱས་ཡོད། ང་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པར་ངེས་པར་དུ་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་རྩའི་སྙིང་དོན་དང་དོན་སྙིང་གལ་ཆེན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལམ་བུའི་ཐོག་ཉིང་ཁྲིས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

    དབང་འདུས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་གང་མགྱོགས་འཛུགས་སྐྲུན་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསལ་སྟོན་བྱས་ཡོད།

    དེར་གཙོ་བོ་ཕྱོགས་ལྔ་ཚུད་ཡོད་པ་སྟེ། ཕྱོགས་དང་པོ་ནི་རྣམ་པ་བཞི་སྟེ། གྲོང་ཁྱེར་ཅན་གྱི་རྣམ་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ། སྣོད་བཅུད་བདེ་འཇགས་ཀྱི་རྣམ་པ། རང་བྱུང་དབྱེ་མཚམས་ཀྱི་རྣམ་པ་བཅས་ཡིན་པ་དང་། ཕྱོགས་གཉིས་པ་ནི་མ་ལག་གཉིས་བཏོན་པ་སྟེ། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་དང་གཙང་སྦྲ་ཐཱན་ཉུང་དང་བདེ་འཇགས་ཕན་ཆེའི་དེང་རབས་ནུས་རྒྱུའི་མ་ལག་འཛུགས་རྒྱུ་དེ་ཡིན་པ། ཕྱོགས་གསུམ་པ་ནི་ནུས་རྒྱུ་སྤྱོད་དབང་དང་། ཆུ་སྤྱོད་དབང་། བཙོག་འབུད་བྱེད་དབང་། ཐཱན་འབུད་བཅས་ཀྱི་ཐོག་མའི་བགོ་བཤའི་ལམ་ལུགས་བཏོན་པ། ཕྱོགས་བཞི་པ་ནི་ཞིབ་ཕྲའི་བྱ་སྤྱོད་དང་ལས་གྲྭའི་རྣམ་གྲངས་བཞི་བཏོན་པ་སྟེ། གཅིག་ནི་ཐཱན་འབུད་གཏན་ནས་མི་བྱེད་པའི་ཁུལ་གྱི་དཔེ་སྟོན་ལས་གྲྭ་དང་། གཉིས་ནི་རི་ཆུ་ཀླུང་གསུམ་གྱི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ གསུམ་ནི་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད། བཞི་ནི་དྭངས་ཤིང་གཙང་བའི་མཚོ་ཁུག་བཅོས་སྒྲིག་བྱ་སྤྱོད་བཅས་ཡིན་པ། ཕྱོགས་ལྔ་པ་ནི་ཞིང་ཆེན་རིམ་པ་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་དང་། ལྟ་ཞིབ། ཁྲིམས་འཛིན་བཅས་ཐད་ཀར་དོ་དམ་བྱེད་པའི་ལམ་ལུགས་བཟོ་རྒྱུ་ཁ་གསལ་བཏོན་པ་རེད་ཅེས་བཤད་པ་རེད།

    དབང་འདུས་ཀྱིས་ཉིང་ཁྲིས་ལྗང་མདོགའཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་ངེས་པར་དུ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ། གཅིག་ནས་ཁོར་ཡུག་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པ། རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། སྣོད་བཅུད་རྫོང(ཆུས)དང་། སྣོད་བཅུད་ཤང(གྲོང་རྡལ) སྣོད་བཅུད་གྲོང་ཚོ་བཅས་གཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་གྱི་ནུས་པ་སྔར་བས་ཆེ་རུ་དང་འཐུས་ཚང་དུ་གཏོང་བ། གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། འདམ་ར། རང་བྱུང་ཤིང་ནགས། སྐྱེ་དངོས་སྣ་མང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་དང་། བྱེ་འགོག་བྱེ་བཅོས། ཆུ་རྒྱུད་ཆུང་གྲས་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྷ་ཉིང་མཐོ་རིམ་གཞུང་ལམ་དང་སྨན་གླིང་གནམ་ཐང་གི་ཆེད་སྤྱོད་ལམ་བུ་སྔོ་འགྱུར་དང་མཛེས་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བཅས་བྱས་ནས་སྲུང་སྐྱོང་དང་འཛུགས་སྐྲུན་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཡོང་བ་བྱེད་པ་དང་། གཉིས་ནས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱེད་དགོས་པ། སྲུང་སྐྱོང་དང་གསར་སྤེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་དུ་བྱེད་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་ཡག་པོ་བྱེད་པ། གསར་སྤེལ་བྱེད་ཤུགས་ཚོད་འཛིན་བྱེད་པ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་གཏོང་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱེད་པ། གསུམ་ནས་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་མ་མཐའི་མཚམས་ཐིག་དང་། དམར་ཐིག མཐོ་གནོན་ཚད་ཐིག་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་ཆོག་འཐུས་ནན་པོ་དང་། ཐོན་ཁུངས་གསར་སྤེལ་ལ་ཚོད་འཛིན་ནན་པོ། སྣོད་བཅུད་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ། ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་ནན་སྲུང་བཅས་བྱས་ནས་སྦགས་བཙོག་ཆེ་བ་དང་། ཟད་གྲོན་ཆེ་བ། བཙོག་འབུད་མང་བ་བཅས་ཀྱི་རྣམ་གྲངས་ཉིང་ཁྲིར་སྤེལ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྣོད་བཅུད་དང་། ཁོར་ཡུག ཐོན་ཁུངས། གནོད་འཚེ་བཅས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་གཞི་དང་ཕྱིར་འབུད་བྱེད་ཚད་ཚད་བཀག་ནན་པོ་བྱས་ཏེ་སྤྱི་པའི་སྣོད་བཅུད་ཁོར་ཡུག་བདེ་འཇགས་སྲུང་སྐྱོང་བྱེད་པ། བཞི་ནས་སྲིད་གཞུང་གི་སྣེ་ཁྲིད་ལ་མཐོང་ཆེན་བྱེད་དགོས་པ། ཞིང་འབྲོག་མང་ཚོགས་ཚོས་གློག་ནུས་དང་། རྫབ་རླངས། ཉི་ནུས་་སོགས་ནུས་རྒྱུ་གཙང་མ་མང་ཙམ་སྤྱད་ནས་བུད་ཤིང་གཅོད་ཉུང་དུ་གཏོང་བ་དང་སྔོན་མའི་བུད་ཤིང་བསྲེགས་ནས་ལྟོ་ཆས་བཟོ་བའི་གོམས་གཤིས་འགྱུར་ལྡོག་གཏོང་རྒྱུར་ལྕག་སྐུལ་བྱེད་པ། ལྔ་ནས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མངའ་ཁུལ་དོ་དམ་བྱེད་པའི་འགན་འཁྲི་དང་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་སྲུང་སྐྱོང་། སྣོད་བཅུད་ཕན་འབྲས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གདེང་འཇོག་སྟོན་གྲངས་ནང་འཇུག་དགོས། གཏེར་རྫས་གསར་སྤེལ་གྱི“སྨྱུ་གུ་གཅིག”གི་ཞིབ་བཤེར་མཆན་འགོད་ལམ་ལུགས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ཏེ་ལམ་ལུགས་ཐོག་ནས་ཉིང་ཁྲིའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་ཉམས་པའི་སྒུལ་ཤུགས་ཤིག་ཏུ་འགྱུར་བ་བྱས་ནས་ཉིང་ཁྲི་འདི་ཉིད་དེ་བས་ལྗང་མདོག་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།