2015ལོའི་ཟླ་11ཚེས་1ཉིན་ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་ས་གཙང་ལྷད་མེད་ཐོན་ལས་ཀུང་སི་དང་མཉམ་འབྲེལ་ཐོག་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོར་ས་གནས་ས་ཐོག་ཏུ་སྨན་རྩྭ་མཱ་ཁ་ཉོ་སྒྲུབ་བྱེད་པའི་བྱེད་སྒོ་སྤེལ་ཡོད།
རྨང་བརྟན་དམངས་ཕན་བྱེད་སྒོའི་ཁྲོད་ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས“གཉིས་ལྡན་དུད་སྦྲེལ”གྱི་ལས་ཀའི་སྟེགས་བུ་ནུས་ལྡན་སྤྱད་དེ“ས་གཙང་བདེ་ཐང་ཐོན་ལས་དང་། གཉིས་ལྡན་དུད་སྦྲེལ། འདེབས་འཛུགས་རྟེན་གཞི། དུད་སྦྲེལ་འཐུས་མི་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ནས་གཉིས་ལྡན་དུད་སྦྲེལ་གྱི་སྣེ་འདྲེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་སྨན་རྩྭ་མཱ་ཁ་སོགས་དཔལ་འབྱོར་ལོ་ཏོག་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་ནས་མང་ཚོགས་སྣེ་འཁྲིད་ཀྱིས་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱས་ཡོད། མིག་སྔར་དྲུག་བརྒྱ་གྲོང་ཚོའི་སྨན་རྩྭ་མཱ་ཁ་འདེབས་འཛུགས་རྟེན་གཞི་གཞི་ཁྱོན་རགས་ཙམ་ཆགས་ཟིན་པ་མ་ཟད། ད་དུང་དཔལ་འབྱོར་གྱི་ཕན་འབྲས་མི་དམན་པའང་བྱུང་ཡོད།
ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བྱེད་ཐབས་ནུས་ལྡན་ནི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་སྣེ་འཁྲིད་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གསོན་ཉམས་དོད་པའི་དོན་དངོས་དེ་ཡིན་པ་རེད།
བབ་བསྟུན་སྣེ་ཁྲིད་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གྲོང་ཚོ(གྲོང་ལྷན)ཁག་གི་སྣེ་འཁྲིད་དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་། འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ། འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་ཕན་འབྲས་ཅུང་མྱུར་བའི་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་བའི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱས་ཏེ་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་བྱ་རྒྱུ་ཡོད་པ། ཉིན་ལྟར་ཡོང་འབབ་ཡོད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ལ་གཞིགས་ནས་ཁག་བཞི་པའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་དམངས་འཚོ་ལེགས་སུ་གཏོང་རོགས་བྱས་ནས་ཞིང་འབྲོག་ཁུལ་གྱི་རང་བརྟེན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱས་ཡོད།
གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་གིས་ས་གཙང་ལྷད་མེད་དང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང“གྲོང་ཚོ(གྲོང་ལྷན)དང་། མཐུན་ཚོགས། ཀུང་སི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ“མྱུར་སྒྲུབ”རྣམ་གྲངས་ཀྱི་མ་དངུལ་བཏང་ནས་གྲོང་ཚོར(གྲོང་ལྷན)དཔལ་འབྱོར་དངོས་ཚན་170ལྷག་ཙམ་འཕེལ་རྒྱས་གཏོང་རོགས་བྱས་ཡོད།
མེ་ཏོག་རྫོང་གི་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ལས་དོན་རུ་ཁག་ཁག་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་གཡེར་མ་དང་། འབྲས་དམར་པོ། ཚ་ཁུལ་གྱི་ཤིང་འབྲས་འདེབས་འཛུགས། ངང་ལག་ཐོན་སྐྱེད་ལས་སྣོན། ལྷོ་པ་གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཏེ་ལྷོ་པ་དང་མོན་པ་རིགས་ཀྱི་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ཡོད།
མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ཤང་རེར་ཐོན་ལས་རེ་དང་། གྲོང་ཚོ་རེར་ཁེ་ལས་རེ། ཁེ་ལས་རེར་སྣ་ཁ་རེ”བཅས་ཡོད་པ་བྱེད་པའི་བླང་བྱ་གཞིར་བཟུང་། མ་དངུལ་སྣ་ཚོགས་སྒོར་ཁྲི་3891བཏང་ནས་གྲོང་ཚོ་རིམ་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཡོད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ཏེ་ཞིང་འབྲོག་ཁུལ་གྱི་འཐབ་ས་དང་པོར་བརྟག་ཞིབ་བྱེད་པར་སྐྱོད་པ་དང་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ལེགས་ཆ་སྔོག་འདོན་གྱིས་མཉམ་སྡེབ་དཔལ་འབྱོར་དངོས་ཚན་3193དང་མཉམ་ལས་དཔལ་འབྱོར་དངོས་ཚན་2561འཕེལ་རྒྱས་གཏོང་རོགས་བྱས་ཡོད།
རྣམ་གྲངས་འཚོལ་ཞིབ་ཀྱིས་ཚན་རིག་ལ་བརྟེན་ནས་དབུལ་སྐྱོར་ལ་སྐུལ་མ་བཏང་བ།
ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཚད་བརྒལ་བྱེད་ས་འཚོལ་ཞིབ་དང་སྤྱི་འདོམས་འཆར་འགོད་ཀྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་མཐུན་སྦྱོར་གྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོར་རྒྱབ་སྐྱོར་དང་། གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་རོགས། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་བཟོ་རོགས་བཅས་བྱས་ཏེ་འཆར་གཞི་དང་། དམིགས་ཚད། བྱེད་ཐབས་བཅས་ཡོད་པ་བྱས་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་བཏང་ཡོད།
ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་3960གསལ་བཟོ་དང་། རྣམ་གྲངས་743དོན་འཁྱོལ། མ་དངུལ་སྒོར་ཁྲི་5300དོན་འཁྱོལ་བཅས་བྱས་པ་དང་། མི་ཐེངས་2722ལ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་པ། མི་ཐེངས་ཁྲི་1.36ངལ་ནུས་ཕྱིར་གཏོང་བྱས་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་1690ལྷག་ཙམ་བྱུང་བ་དང་མཉམ་སྡེབ་དཔལ་འབྱོར་དངོས་ཚན་723འཕེལ་རྒྱས་བཏང་ཡོད།
ནག་ཆུ་ས་ཁུལ་ཉི་མ་རྫོང་འོམ་བུ་ཤང་གནས་རྒྱ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་པའི་ནང་སྨན་དོན་ཁང་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་། སྦག་སྦག་ཉམས་བཟོ་ཁང་། གཞི་རིམ་རྩ་འཛུགས་ཀྱི་བྱེད་སྒོ་ཁང་། རིག་གནས་ལུས་རྩལ་གྱི་དཔེ་དེབ་ཁང་སོགས་ཚུད་ཡོད་པ་དང་ཁྱིམ་ཚང་མགྲོན་ཁང་21བཙུགས་ནས་མང་ཚོགས་སྣེ་ཁྲིད་ཀྱིས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།
མིག་སྔའི་བར་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྲི་2.44གསལ་བཟོ་བྱེད་རོགས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཁག་ཁྲི་1.24བཟོ་བ་དང་། འཐུས་ཚང་། ལག་བསྟར་བཅས་བྱས་པ། ས་ཁུལ་དང་རྫོང་ཁག་གིས་བྱེད་སྒོའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་0.41དོན་འཁྱོལ་བྱས་ཡོད།
མང་ཚོགས་སྣེ་ཁྲིད་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་པ།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོ་ནས་གསུམ་པ་བར་གྱི་ལས་ཀའི་རྨང་གཞིའི་ཐོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྐྱེད་སྲིང་བྱ་རྒྱུར་དེ་བས་སྣང་ཆེན་བྱས་པས་འགན་འཁྲི་དོན་འཁྱོལ་གྱིས་འཕེལ་རྒྱས་ལ་སྐུལ་མ་བཏང་བ་དང་། ལག་རྩལ་གསོ་སྦྱོང་གིས་འཕེལ་རྒྱས་ལ་སྐུལ་མ་བཏང་བ། དཔེ་སྟོན་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་བཟང་པོ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་པ་མི་ཐེངས་ཁྲི་1.46སྒྲིག་འཛུགས་བྱས་ཏེ་ལྗོངས་ནང་ཁུལ་དུ་གསོ་སྦྱོང་བྱས་པ་དང་མི་ཐེངས་ཁྲི་1890སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་གསོ་སྦྱོང་དུ་བཏང་བ་དང་མང་ཚོགས་མི་ཐེངས་ཁྲི་28.73ངལ་ནུས་ཕྱིར་གཏོང་བྱས་ནས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་2.03ཡོང་བ་བྱས་ཡོད།
དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཟླ་རེ་བཞིན་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ཞིང་དུད་དུ་ཐེངས་རེ་བསྐྱོད་དེ་གདོང་གཏུག་གིས་བསམ་འཆར་ཉན་པ་དང་དཀའ་ངལ་དང་གནད་དོན་དྲིས་ནས་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་དཀའ་གནད་ནས་དམ་འཛིན་བྱེད་པ་དང་མང་ཚོགས་ཚོས་སྒྲུབ་རེ་ཆེ་ཤོས་བྱེད་པའི་གནད་དོན་ནས་འགོ་བཙུགས་ཏེ་སྲིད་ཇུས་དང་། ཚན་རྩལ། འཕྲོད་བསྟེན། རིག་གནས། ཆ་འཕྲིན། ཞབས་ཞུ་བཅས་གཤམ་བསྒྲགས་བྱེད་པའི་བྱེད་སྒོ་ཐེངས་ཁྲི་3.85སྤེལ་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་6.11དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་ཡོད། མ་དངུལ་སྒོར་དུང་ཕྱུར་2.01གྲབས་གསོག་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་ཁྲི་4.78བསྒྲུབས་པ་དང་འགྲོ་ལམ་དང་། ཆུ་མཁོ་འདོན། གློག་གཏོང་། འཕྲིན་གཏོང་། བརྙན་འཕྲིན་སོགས་འཛུགས་སྐྲུན་རྣམ་གྲངས་མང་དག་ཅིག་ལག་བསྟར་བྱས་ནས་དམངས་འཚོའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲི་2.35ཐག་གཅོད་བྱེད་རོགས་བྱས་ཡོད། མི་ཁྲི་2.18ལས་ཞུགས་དང་ལས་ཞུགས་བསྐྱར་མ་ཐུབ་པ་བྱས་ནས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་ཡོད།