དབུ་ཤོག>གསར་འགྱུར།
  • ​ བོད་ཀྱི་གནད་སྨིན་དབུལ་སྐྱོར་ཐོན་ལས་ཁྲོད་ཀྱི་ཐོན་ལས་དབུལ་སྐྱོར་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-13

    ཐོན་ལས་དབུལ་སྐྱོར་ཞེས་པ་དེ་ནི་མང་ཚོགས་དབུལ་པོས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་དང་རིམ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་བྱེད་ཐབས་ཤིག་དང་མང་ཚོགས་ལ་དབུལ་སྐྱོར་བྱ་རྒྱུ་དེ་རོགས་རམ་བྱེད་པ་ནས་རང་གིས་རང་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་འགྱུར་བ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། བོད་ལྗོངས་འདི་ཉིད་ས་རྒྱ་ཆེ་ལ། གནམ་གཤིས་འགྱུར་ལྡོག་ཆེ་བ་དང་། ཁྱད་ལྡན་ཐོན་ཟོག་ཕུན་སུམ་ཚོགས་ལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཐོན་ལས་དབུལ་སྐྱོར་ལས་དོན་ལ་མདུན་ལམ་ཆེན་པོ་ལྡན་ཡོད།

    ཐོན་ལས་དབུལ་སྐྱོར་གྱིས་དུད་ཚང་དབུལ་པོའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར།

    “ཉང་བྲན་ཤང་རིན་ཆེན་མཚལ་གྲོང་ཚོའི་ཚོགས་ཆུང་བརྒྱད་པ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་འདབས་སུ་ཡོད་པ་དང་ཁྲོམ་ར་དང་ཐོན་ཁུངས་ནུས་ལྡན་ཟུང་འབྲེལ་ཐུབ་ཆེད། 2012ལོར་ང་ཚོས་རྒྱལ་ཁྱབ་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་30སྤྱད་དེ་རྒྱ་ཁྱོན་སྨི་ངོས་གྲུ་363ཡོད་པའི་རླངས་འཁོར་བཀྲུ་ས་ཞིག་བརྒྱབ”ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་གིས་གསར་འགོད་པར་ཁོང་ཚོས“ཏང་ཀྲི་པུའུ་དང་། འཇོན་ཐང་ཅན། དུད་ཚང་དབུལ་པོ”བཅས་མཉམ་གཉེར་གྱི་བྱེད་ཐབས་སྤྱད་པའི་ཐོག་མང་ཚོགས་ཀྱིས་འགན་སེམས་ཆེ་བ་དང་གཉེར་སྐྱོང་མཁས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་འོས་སྦྱོར་བྱས་ཏེ་རླངས་འཁོར་བཀྲུ་སའི་ཅིང་ལིར་བསྐོས་ནས་མང་ཚོགས་དབུལ་པོ་གཙོ་བོར་བྱེད་པ་དང་། རང་བདག་གཉེར་སྐྱོང་། ཁེ་གྱོང་རང་འཁུར། ཁེ་གཙང་མཉམ་སྤྱོད། ཉེན་ཁ་མཉམ་འཁུར་བཅས་ཡོང་བ་བྱས་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ཁོ་ནར་རླངས་འཁོར་བཀྲུ་ས་དེས་དུད་ཚང་43ལ་ཐོབ་ཆ་སྒོར་4000བགོས་པ་དང་མི་དགུ་བསྡུས་པའི་ཐོག་མི་རེའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི་1.5ཟིན་ཡོད།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ས་ཁོངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་མང་ཚོགས་དབུལ་སྒྲོལ་དང་འབབ་འཕར་ཐུབ་པའི་ཐོན་ལས་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་པ་དང་འབྲེལ་ཐོན་ལས་ཅན་གྱི་དབུལ་སྐྱོར་རྣམ་གྲངས་ཀྱི་ངོ་བོར་གཞིགས་ནས་རང་སོ་སོར་འཚམ་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་དབུལ་པོ་མང་པོར་རྣམ་གྲངས་ཁྱབ་པ་ནས་དབུལ་སྒྲོལ་གནད་སྨིན་ཐུབ་པ་བྱས་ཡོད།

    2013ལོར་ལྷོ་ཁ་ས་ཁུལ་གྱིས་ཤང་18ལ་ཤང་གྲོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པ་དང་རྣམ་གྲངས་59ལ་ཆོག་མཆན་སྤྲད་པ་དང་འབྲེལ་མ་དངུལ་སྒོར་ཁྲི་2919བཏང་ཡོད་ཅིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་70བཏང་ནས་ལྷོ་བྲག་རྫོང་རྫ་རའི་རྩམ་འཐག་ཁང་བཙུགས་ནས་གྲོང་མི་86དབུལ་སྒྲོལ་ཐུབ་པ་བྱས་ཡོད།

    2014ལོར་ས་ཁུལ་དེ་ཡོངས་ཀྱིས་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། ངོགས་ཀྱི་དབུལ་སྐྱོར། ངལ་རྩོལ་སྤོ་སྒྱུར། ཐོན་ལས་དབུལ་སྐྱོར། དུད་འཁེལ་རོགས་རམ་བཅས་ཀྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཏེ་རྫོང་12ཀྱི་ཤང་གྲོང་83ཡི་དུད་ཚང་49870དང་མི་164298ལ་ཕན་པ་ཐོབ་པ་བྱས་ཡོད།

    གནད་སྨིན་ཐོན་ལས་དབུལ་སྐྱོར་དམིགས་སའི་ཐོག་སྤྱད་པ།

    “དེ་སྔ་ས་ཞིང་མུའུ་བཞི་ཡི་ཐོག་ནས་བཏབ་པས་ཡོང་འབབ་མཐོ་པོ་མེད། འོན་ཀྱང་ན་ནིང་ནས་འགོ་བཙུགས་ཏེ་ཁེ་ལས་ཤིག་དང་གྱན་རྒྱ་བཞག་ནས་མཱ་ཁ་བཏབ་པས་ལོར་དེ་སྔ་ལས་སྒོར་6800ཡིས་མང་བ་འདུག”ཅེས་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་ཚོའི་གྲོང་མི་དཔལ་འབྱོར་གྱིས་ཁོང་གི་བདེ་སྐྱིད་འཚོ་བའི་སྐོར་གླེང་བྱུང་།

    ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་ཐད་གཞོལ་ནས་གང་དཀོན་ན་དེ་འདེབས་པ་དང་གང་མེད་ན་དེ་གསབ་པའི་རྩ་དོན་ལ་ནན་པོར་གཞིགས་ཏེ་ཡུལ་བབ་དང་བསྟུན་པ་དང་མི་དང་ས་ཆར་གཞིགས་ནས་རོགས་རམ་གྱི་བྱེད་ཐབས་སྤྱད་པས་དབུལ་སྐྱོར་ཕན་འབྲས་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་ད་ཕན་ལོ་ཤས་རིང་ས་གཙང་བདེ་ཐང་ཐོན་ལས་ཀྱི་སྤྱིའི་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ་དང་རྫོང(ས་ཁུལ)ཁག་གི་ཐོན་ཁུངས་ལེགས་ཆ་དང་ནུས་པ་དང་དེ་བཞིན་དབུལ་སྐྱོར་རྣམ་གྲངས་བཅས་ལ་བརྟེན་པའི་ཐོག་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས་ལ་གཞོགས་འདེཌ་བྱས་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོཌ་རམ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོ་ནས་2014ལོ་བར་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་692བརྩོན་ལེན་དང་མ་དངུལ་སྒོར་དུང་ཕྱུར་7.16(ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.55)དོན་འཁྱོལ་བྱས་ཡོད། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་16.63%འཕར་བ་དང་ལོ་བཅུ་གཉིས་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་2014ལོར་སྒོར་9258ཟིན་ཡོད།

    ད་ཕན་ལོ་ཤས་རིང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལོ་ལྔའི་ནང་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.49བཏང་བའི་ཐོག་ངོགས་ཀྱི་དབུལ་སྐྱོར་དང་། ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར། ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་གནས་སོགས་ཀྱི་བྱེད་ཐབས་ཐོག་ནས་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་རེད།

    སྒེར་རྩེ་རྫོང་མཁར་བྱང་མ་གྲོང་ཚོ་ནི་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན། 2009ལོའི་ལོ་མཇུག་ཏུ་གྲོང་ཚོ་དེར་དུད་ཚང་72དང་མི་གྲངས་283ཡོད་པའི་ནང་དབུལ་པོའི་དུད་ཚང་56དང་མི་191ཡོད་པས་དབུལ་པོ་ཐོན་ཚད་67%ཟིན་ཡོད། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པར་བརྟེན་ལོ་དེར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་100བཏང་ནས་སོ་ཕག་བཟོ་གྲྭ་ཞིག་བརྒྱབ་པའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་ཡང་བཙུགས་པར་བརྟེན་ལོ་དེར་ཁེ་སྤོགས་སྒོར་ཁྲི་70ཙམ་བྱུང་ཡོད་ཅིང་། 2014ལོ་ཁོ་ནར་སོ་ཕག་བཟོ་གྲྭ་ནས་ཁེ་སྤོགས་སྒོར་ཁྲི་229བྱུང་བ་དང་མི་275ལ་ཕན་པ་ཐོབ་ཡོད།

    ལྗོངས་ཡོངས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ནང་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་བཅས་ཐོན་ལས་ཆེན་པོ་ལྔ་པོ་དེ་དག་ཐོན་ལས་དབུལ་སྐྱོར་གྱི་གཙོ་གནད་དུ་བྱས་ནས་ཐོན་ལས་འཆར་འགོད་དང་ལས་རིགས་འཆར་འགོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནང་དོན་དང་ལས་རིགས་རྣམ་གྲངས་ཕན་ཚུན་སྦྲེལ་མཐུད་ཀྱི་སྟེགས་བུ་དང་ཐོན་ལས་དབུལ་སྐྱོར་གྱི་སྟེགས་བུ་བསྐྲུན་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2011ལོ་ནས་2014ལོར་བར་ལྗོངས་ཡོངས་སུ་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་30དང་དབུལ་སྐྱོར་ཆེད་ལས་མཉམ་ལས་རྩ་འཛུགས་180གཏན་འཁེལ་བྱས་པར་བརྟེན་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་། ཞིང་འབྲོག་ཐོན་ཟོག་ལས་སྣོན། ཁྱད་ལྡན་ཨར་ལས་རྒྱུ་ཆ། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་རྟེན་གཞི་རིམ་གྱིས་ཆགས་པ་དང་འབྲེལ་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར་21ཟིན་ནས་16%འཕར་བ་དང་ཞིང་འབྲོག་ཐོན་ལས་ཅན་གྱི་གཉེར་སྐྱོང་ཚད་གཞི་36.5%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།