དབུ་ཤོག>གསར་འགྱུར།
  • ​ ལམ་བུ་ཤར་གཏོང་ཐུབ། དམངས་སེམས་བདེ་ལ་འཁོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-13

    ལྷ་སའི་ནུབ་ཕྱོགས་སུ་འཇུན་པ་ཞེས་པའི་གྲོང་ཚོ་ཞིག་ཡོད། དེར་རྩེར་དུ་སོན་པའི་ཀོ་ཆས་བཟོ་རྩལ་ལྡན་ལ། བོད་ཀྱི་ཉ་པའི་གྲོང་ཚོ་ཉག་ཅིག་དེ་ཡིན་པ་དང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཀོ་བྲོར་མཁས་པས། གྲོང་ཚོ་འདི་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད། འོན་ཏེ་བསམ་ཚོད་བྱེད་དཀའ་བ་ཞིག་ལ། 2010ལོའི་གོང་དུ་འཇུན་པ་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་གཅིག་ཀྱང་མེད། འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཡུལ་དེར་ཡོང་མཁན་མང་པོ་མེད་པ་དང་ཐ་ན་གྲོང་མི་ཚོ་ཕྱིར་སྐྱོད་སྐབས། ཀོ་གྲུར་བསྡད་དེ་ལྷ་ས་སྐྱིད་ཆུ་སྒྲོལ་དགོས་ཀྱི་ཡོད། ད་ཆ་ཁྱོན་རིང་ཚད་སྟོང་སྨི་7.5ཡོད་པའི་གནམ་ཐང་མྱུར་བགྲོད་གཞུང་ལམ་བསྐལ་ལ་ཕུག་ལམ་བརྒྱུད་དེ་བསྐྱོད་ན་གྲོང་ཚོར་ཤར་རེར་སླེབས་ཤིང་། ལམ་དེ་རིང་པོ་མེད་ནའང་འཇུན་པ་གྲོང་ཚོའི་ངོས་ནས་བརྗོད་ན་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དང་དམངས་ཀྱི་བློ་ལ་བབས་པའི་ལམ་ཞིག་རེད།

    “དེ་སྔོན་གྲོང་ཚོར་གཞུང་ལམ་ཤར་གཏོང་མི་ཐུབ་པས་ཀོ་ཆས་འཚོང་བར་སྐྱོད་སྐབས། ཀོ་གྲུར་སྡོད་དགོས་པས། སྟབས་གཏན་ནས་བདེ་པོ་མེད་ལ། ཞོགས་པ་སྔ་པོ་ནས་ཐོན་དགོས་པ་དང་དགོང་མོ་ཕྱི་པོར་མ་གཏོགས་ཁྱིམ་དུ་འབྱོར་གྱི་མེད” དེ་སྔོན་འཇུན་པ་གྲོང་ཚོར་ཀོ་ཆས་བཟོ་མཁན་དུད་ཚང་གསུམ་རང་ལས་མེད། རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་ཞེས་པའི་གཏམ་དཔེ་བཞིན་གྲོང་མི་མང་ཆེ་བས་ཉ་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་མོད། འོན་ཏེ་ད་ཆ་འཇུན་པ་གྲོང་ཚོར་ཉ་ལས་ནི་གྲོང་མིའི་འཚོ་བརྟེན་གཅིག་པུ་མིན་པར་ཁོང་ཚོས་ཀོ་ཆས་འཚེམ་བཟོའི་ལས་རིགས་དང་། སྣ་མང་ཅན་གྱི་འདེབས་གསོའི་ལས་རིགས། གསར་དུ་དར་བའི་ཡུལ་སྐོར་ལས་རིགས་ལ་སོགས་གཉེར་གྱི་ཡོད། དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ་བསྐྲུན་པ་དང་ཆབས་ཅིག གྲོང་མིའི་འཚོ་བའང་ཉིན་རེ་ལས་ཉིན་རེ་མ་འདས་པར་ལེགས་སུ་སོང་ཞིང་། གྲོང་མི་ཚོས་འཁོར་གསུམ་རྐང་འཁོར་དང་རླངས་འཁོར་ཆུང་རིགས་སོགས་ཉོས་ནས་སྣུམ་ནག་ལམ་ཐོག་འུར་སྒྲ་དང་བཅས་སྐྱོད་ཀྱི་ཡོད་ཅེས་འཇུན་པ་ཀོ་ཆས་མཉམ་ལས་ཁང་གི་ཉི་མས་གསར་འགོད་པར་བཤད་བྱུང་ལ། “ཉེ་བའི་ལོ་ཤས་རིང་གྲོང་ཚོས་ཀོ་ཆས་འཚེམ་བཟོའི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བས་མཉམ་ལས་ཁང་གི་གཞི་ཁྱོན་ཇེ་ཆེར་སོང་བ་དང་ཀོ་ཆས་འཚེམ་བཟོ་བྱེད་ཚད་ཀྱང་མཐོ་རུ་སོང་ནས། གྲོང་མི་བཅུ་གྲངས་ལ་ཕན་པ་ཆེན་པོ་ཐོབ་ཡོད། ད་ལྟ་མཉམ་ལས་ཁང་གི་ལས་མི་ཚོས་གཞན་གྱིས་མངགས་ཉོ་བྱས་པའི་ཀོ་ཆས་རླངས་འཁོར་བཏང་ནས་སྐྱེལ་བར་སྐྱོད་ཀྱི་ཡོད”ཅེས་ཉི་མས་བཤད་བྱུང་།

    འཇུན་པ་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་མཚོ་སྨད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་སོགས་ལས་མང་ཚོགས་ཀྱི་རྒྱུ་ནོར་འཕེལ་ལ་དམངས་ཀྱི་སེམས་པ་གཅིག་ཏུ་འགྲིལ། གསར་འགོད་པར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་23.94བཏང་སྟེ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་ཞིང་། གཞུང་ལམ་ཁྱོན་སྤྱི་ལེ་1837གསར་དུ་བསྐྲུན་པས། རང་བྱུང་གྲོང་ཚོ་1399ལ་ལམ་བུ་ཤར་གཏོང་ཐུབ་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་12ཀྱི་འགྲོ་སྐྱོད་གནད་དོན་ཐག་གཅོད་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཏུ་ལམ་བུ་ཤར་གཏོང་ཐུབ་ཚད་སྤྱི་ལེ་3250.03ཟིན་པ་དང་ཤར་གཏོང་ཐུབ་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྣམ་གྲངས་དེ་དག་ལག་ལེན་བསྟར་བ་ལས་ལམ་རྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་ཞིང་འབྲོག་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།