དབུ་ཤོག>གསར་འགྱུར།
  • ​ རྩྭ་ཆུ་བཟང་བའི་རྩྭ་ཐང་དུ་། མར་གྱི་དྲི་ཞིམ་གང་སར་འཐུལ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-11

    221551_yis_1446199634763.jpg

    འདི་ནི་བཟང་བཟང་གྲོང་རྡལ་གྱི་མང་ཚོགས་ཀྱིས་ཞོ་དཀྲོག་བཞིན་པའི་གནས་ཚུལ་ཡིན་པ།

    བཟང་བཟང་འདམ་ར་དེ་མདོག་གཞུང་གཙང་པོའི་ཆེས་རྒྱ་ཆེ་བའི་ལུང་གཞུང་དུ་གནས་ཡོད་ཅིང་། བརླན་གཤེར་ཆེ་བའི་གནམ་གཤིས་ལས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་འདིར་སྐྱེ་སྟོབས་ཤིག་སྦྱིན།

    དེ་གར་ས་བབ་རྒྱ་མཚོའི་ངོས་ལས་སྨི4500ལས་བརྒལ་ཀྱང་རྩྭ་ཆུ་གང་བཟང་དུ་སྡོད་པའི་འབྲོག་པས་སྔར་བཞིན་དེ་གར་གཏན་སྡོད་དང་ཕྱུགས་འཚོ་བཞིན་ཡོད། “ཆུ་དྭངས་གཙང་དང་རྩྭ་ཁ་ལེགས་པ”ནི་བཟང་བཟང་བར་རང་བྱུང་ཁམས་ཀྱིས་སྤྲད་པའི་ལག་རྟགས་ལེགས་ཤོས་དེ་ཡིན།

    ཟླ་7པར་བཟང་བཟང་གི་རྩྭ་ཁ་དེ་ཙམ་ལེགས་པོ་མི་འདུག རྒྱུ་རྐྱེན་ནི་འདི་ལོའི་ཆར་དུས་ཤར་འགོར་བས་རྩྭ་སོས་པ་དེ་དག་སྔ་དགོང་གི་བརླན་གཤེར་ལ་བརྟེན་ནས་འཚར་སྐྱེས་བྱ་རྒྱུ་ལས་མ་འདས།

    གནའ་བོའི་རྩལ་ནུས་རྒྱུན་འཛིན་བྱུང་བ།

    རྩྭ་ཆུ་བཟང་བའི་ས་ཆ་ནས་ཐོན་པའི་མར་གྱི་བྲོ་བ་དེ་བས་མངར་སིལ་ལྡན་པ་ཞིག་ཡོད།

    བཟང་བཟང་གྲོང་རྡལ་དེ་མར་གྱི་ཐོན་རྫས་ལས་སྐད་གྲགས་ཆོད་ཡོད། དེ་སྔ་དེ་ག་ནས་ཐོན་པའི་མར་ནི་པཎ་ཆེན་རིམ་བྱོན་ལ་འབུལ་བའི་སྤུས་ལེགས་གསོལ་མར་ཡིན་པར་བརྟེན་ཡུན་རིང་སྐད་གྲགས་ཆོད།

    བཟང་བཟང་གི་མར་འདོན་པའི་ལག་རྩལ་ནི་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་ཞིག་ཡིན་ལ། གནའ་སྔ་མོ་ནས་དར་བ་ཞིག་ཡིན། ས་གནས་དེ་གའི་འབྲོག་པས་སྒྱིད་ལུག་སྤུ་ཙམ་ཡང་མེད་པར་སྔར་བཞིན་གནའ་བོའི་ལག་རྩལ་རྒྱུན་འཛིན་བྱེད་བཞིན་མཆིས།

    བཟང་བཟང་གྲོང་རྡལ་མི་རྡོ་གྲོང་ཚོའི་ཚེ་རིང་སྒྲོལ་མའི་མར་འདོན་སྟངས་དེ་ཨ་མའི་འགྲམ་ནས་སྦྱངས་པ་ཡིན་པ་དང་གཉེན་སྒྲིག་བྱས་པའི་བུད་མེད་སྦྱིན་བདག་ཡིན་པའི་ཁོ་མོས་རང་བཞིན་ངང་ཤེས།

    ཞོགས་པ་སྔ་པོ་བཞོན་མ་རུབ་རུབ་བཟོས་ནས་བྱང་ཆུབ་པའི་ངང་འོ་མ་འཇོ་ཡི་ཡོད། ཞོགས་པའི་གྲང་རླུང་གིས་འོ་མ་སོས་པའི་དྲོད་ཚད་དེ་མུར་ཆག་པ་དང་། འོ་མ་བཞོས་ཟིན་རྗེས་ཕྱུགས་རིགས་དཀར་ནག་སྐར་ཚོགས་དང་འདྲ་བར་གུར་གྱི་མཐའ་སྐོར་དུ་མགོ་སྒུར་ནས་དལ་བུར་མཚན་གང་བརླན་གྱིས་གཤེར་བའི་རྩྭ་ཟ་བཞིན་ཡོད།

    ཚེ་རིང་སྒྲོལ་མས་འོ་ཟོམ་བཀྱགས་ནས་གུར་ནང་སྐྱོད་སྐབས་གོམ་པ་འཁྱར་འཁྱོར་བྱས་པ་ལས་འོ་མའི་ཐིགས་པ་འགའ་ས་རུ་ལྷུང་། གུར་ནང་ལྕི་བ་འབུད་པའི་མེ་ཚ་སོབ་སོབ་ཅིག་ཡོད། ཞོགས་ཟས་ནི་ཇ་བསྲུབས་མ་དང་སྤགས་ཡིན། ཚེ་རིང་སྒྲོལ་མས་ཞོགས་ཟས་བཟས་རྗེས་ཉིན་གཅིག་གི་ལས་ལ་བྲེལ།

    ཁྱིམ་དུ་འཁྱེར་ཡོང་བའི་འོ་མ་རྐྱལ་བའི་ནང་བླུགས་ནས་ཕུ་རིལ་རིལ་བརྒྱབ་རྗེས་ཁ་དམ་པོར་བཀྱིགས་པ་དང་དེ་རྗེས་ཆུ་ཚོད་གཉིས་གསུམ་དཀྲོག་གི་ཡོད། ཕུ་རིལ་རིལ་བརྒྱབ་ནས་རྐྱལ་བ་དཀྲོག་སྐབས་ཤུགས་ཆེན་པོ་རྒྱག་དགོས་ལ་མྱུར་ཚད་ཀྱང་མགྱོགས་པོ་དགོས་ཀྱི་ཡོད། ལྟེ་བའི་ཕྱོགས་ཤུགས་ལ་རྟེན་ནས་མར་དང་དར་བ་ལོག་ཏུ་དབྱེ་ཡི་ཡོད།

    བརྒྱུད་རིམ་དེ་ནི་བཟང་བཟང་མར་གྱི་བྲོ་བ་མངར་སིལ་ལྡན་པ་ཞིག་ཡོད་པའི་ཐབས་མཆོག་ཡིན།

    རྐྱལ་བའི་ནང་དཀྲོག་པའི་མར་ལ་རང་བཞིན་གྱི་བྲོ་བ་སྐྱུར་པོ་ཞིག་སྲུང་ཐུབ་ཀྱི་ཡོད། རྐྱལ་བ་གཅིག་གི་སྤྱོད་ཡུན་ལོ་གསུམ་བཞི་ཡིན་པ་དང་། རྐྱལ་བ་གཅིག་བཟོ་བར་ཀོ་བ་ཧྲིལ་པོ་ཞིག་དགོས་པས་དེ་འཚོལ་ཁག་པོ་ཡོད། འོན་ཀྱང་བཟང་བཟང་བས་སྔར་བཞིན་ལག་རྩལ་དེ་སྤྱོད་བཞིན་ཡོད།

    དེ་ནི་གལ་ཏེ་ལག་རྩལ་ལ་འགྱུར་ལྡོག་བཏང་ཚེ་མར་གྱི་བྲོ་བ་འགྱུར་བའི་རྐྱེན་གྱིས་རེད།

    ངམ་རིང་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཕུར་མཆོག་གིས་གསར་འགོད་པར་བཟང་བཟང་མར་གྱི་དགོས་མཁོ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག་མི་ལ་ལས་ཤིང་ཟོམ་དང་འགྱིག་ཟོམ་སྤྱད་དེ་མར་འདོན་སྟངས་ཚོད་ལྟ་བྱེད་མྱོང་ཡོད་ཀྱང་སྔར་གྱི་བྲོ་བ་མེད་པར་བརྟེན་ད་ལྟ་དེ་དག་སྤྱོད་ཀྱི་མེད་ཅེས་བཤད།

    ཆུ་ཚོད་གཉིས་ཀྱི་དུས་ཚོད་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ཚེ་རིང་སྒྲོལ་མས་ཞོ་དཀྲོག་བཞིན་དུ་མཚམས་བཞག་ནས་རྐྱལ་བའི་དྲོད་ཚད་སྲུང་ཐུབ་ཆེད་ཁ་ཕྱེ་ནས་ལག་པས་དེའི་དྲོད་ཚད་ལྟ་གི་ཡོད།

    དྲོད་ཚད་ནི་ཞོ་དཀྲོག་པའི་འགག་རྩ་ཡིན། འོན་ཀྱང་དེའི་དྲོད་ཚད་ཞིབ་ཕྲ་སུས་ཀྱང་བརྗོད་ཐབས་བྲལ། ལོ་བརྒྱ་གྲངས་ནང་ཁོང་ཚོས་རང་ཉིད་ཀྱི་ཚོར་བར་བརྟེན་ནས་དཀྲོག་པའི་མར་གྱི་བྲོ་བ་མངར་སིལ་ལྡན་པ་ཞིག་ཡོད།

    ཆུ་ཚོད་གཉིས་ལྷག་ཙམ་གྱི་རྗེས་རྐྱལ་བའི་ཁ་ཕྱེ་སྐབས་མར་ཚང་མ་རྡོག་རྡོག་ཆགས་ཡོད། དེ་དག་དོང་ཕན་ནང་བླུགས་ནས་ཆུའི་ནང་ཐེངས་གཉིས་གསུམ་བརྫིས་རྗེས་མར་དཀྲོག་ཆགས་ཀྱི་ཡོད།

    རྐྱལ་བའི་ནང་ལྷག་པའི་མར་ཆ་ཤས་དེ་དག་ཚ་པོ་བཟོས་རྗེས་སིལ་སྐམ་བཏང་ན་ཕྱུར་བ་ཆགས་ཀྱི་ཡོད།

    བྲོ་ཞིམ་མར་ལས་དྲི་ཞིམ་འཐུལ།

    དོན་དངོས་ཐོག་བཟང་བཟང་མར་ལ་ད་དུང་མཐའ་མའི་གོ་རིམ་ཞིག་ཡོད་པ་སྟེ། དཀྲོགས་ཟིན་པའི་མར་ལུག་གི་གྲོད་པའི་ནང་བཏུམས་ནས་ཕུ་གཙང་མ་ཕུད་རྗེས་ཁབ་ཀྱིས་བཙེམས་ན་མར་ལོ་གཉིས་གསུམ་སོས་པོར་སྡོད་ཀྱི་ཡོད།

    བཟང་བཟང་གི་མར་མཁོ་མང་སྤྲོད་ཉུང་ཡིན་པར་བརྟེན་འབྲོག་པས་ལས་རིམ་དེ་སྤྱོད་ཁོམ་མེད་པར་ཐད་ཀར་ལམ་འགྲམ་དུ་བསྒྲིགས་ནས་འཚོང་བའམ་ཡང་ན་ཉོ་བར་ཡོང་མཁན་ལ་འཚོང་གི་ཡོད།

    ལོ་60ལ་སླེབས་པའི་ཀརྨ་ནི་མི་རྡོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་ཁོང་གི་དྲན་ཤེས་ནང་མར་གྲོད་པའི་ནང་བཏུམ་པའི་ལས་རིམ་དེ་རྒྱུན་དུ་སྤྱོད་པ་དང་རྒྱུན་མཐོང་ཞིག་ཡིན་པ་རེད།

    ཀརྨ་ནི་མི་རྡོ་གྲོང་ཚོ་ནས་མིན་པར་ཁོང་ནི་ཉེ་འདབས་གྲོང་ཚོ་ནས་མག་པར་འོང་བ་ཞིག་རེད།

    དེ་སྔ་བཟང་བཟང་གྲོང་རྡལ་ནི་འབྲོག་ལས་གཙོ་བོར་བྱེད་པ་དང་འཚོ་བའི་ནང་མཁོ་བའི་ནས་དང་གྲོ་ཞིབ་སོགས་འབྲུ་རིགས་སྤྱི་ལེ་100ཙམ་གྱི་ལྷ་རྩེར་མར་དང་བརྗེ་བར་འགྲོ་དགོས་ཀྱི་ཡོད།

    “མར་རྒྱ་མ་གང་གིས་འབྲུ་རིགས་རྒྱ་མ་16བརྗེ་ཐུབ་ཀྱི་ཡོད”ཅེས་ཀརྨས་བཤད། 1970ལོར་ནས་རྒྱ་མ་གང་ལ་སྒོར་ཟུར་གསུམ་བཞི་དང་མར་རྒྱ་མ་གང་ལ་སྒོར་བཞི་ལྔ་ཡིན་པས་སྐབས་དེ་དུས་མར་ནི་དངོས་འབྲེལ་རྒྱས་སྤྲོས་དངོས་རྫས་རང་རེད་ཅེས་བཤད།

    འོན་ཀྱང་མར་གྱི་ཐོན་ཚད་མཐོ་པོ་མེད་པ་དང་ཞོ་རྒྱ་མ་20ནས་མར་རྒྱ་མ་4ལས་འདོན་ཐུབ་ཀྱི་མེད། དེར་བརྟེན་བཟང་བཟང་གྲོང་རྡལ་གྱི་འབྲོག་པས་ལུག་གི་གྲོད་པའི་ནང་མར་བཏུམས་ནས་གྲངས་འབོར་ངེས་ཅན་ཞིག་བསགས་རྗེས་ལྷ་རྩེར་དབོར་ཏེ་འབྲུ་རིགས་དང་བརྗེ་གི་ཡོད།

    དེ་སྔ་མར་ནི་འབྲོག་པས་འཚོ་བ་ལེགས་སུ་གཏོང་བའི་རྒྱས་སྤྲོས་དངོས་རྫས་རང་ཡིན། ད་ཆ་དེར་འགྱུར་ལྡོག་འགྲོ་བཞིན་ཡོད།

    “མར་གྱི་ཐོན་ཚད་དང་འོ་མའི་ཐོན་ཚད་འབྲེལ་མཐུད་བྱེད་པ་དང་འོ་མའི་ཐོན་ཚད་དེ་རྩྭ་ཆུ་བཟང་བ་དང་འབྲེལ་མཐུད་བྱུང་ཡོད”ཅེས་བཤད།

    དེ་སྔ་གནམ་ལ་བརྟེན་ནས་ལྟོ་ཟ་སྐབས་ལྟོ་རྒྱགས་ཙམ་ལས་མེད། ས་གནས་དེ་གའི་འབྲོག་པའི་ནོར་ལུག་གྱི་ཐོན་ཚད་ཇི་ལྟར་བྱས་ནས་དེ་བས་མཐོ་བ་དང་། མར་གྱི་ཐོན་ཚད་དེ་བས་མཐོ་བ། འབྲོག་པའི་ཡོང་འབབ་དེ་བས་མང་བ་བཅས་བྱེད་དགོས་སམ་ཞེ་ན། བཟང་བཟང་གྲོང་རྡལ་དང་ཐ་ན་ངམ་རིང་རྫོང་གི་འགོ་ཁྲིད་ཀྱིས་དེའི་ཐད་བསམ་བློ་བཏང་ཡོད།

    མིག་སྔར་བཟང་བཟང་གྲོང་རྡལ་གྱི་རྩྭ་ར་འགན་གཙང་བླངས་པའི་རྒྱ་ཁྱོན་མུའུ་ཁྲི་227ཟིན་པ་དང་ཕྱུགས་རིགས་ཐེག་ཚད་མགོ་གྲངས་ཁྲི་10ཡིན་པ་རེད། ཕྱུགས་རིགས་ཀྱི་མགོ་གྲངས་མང་དུ་གཏོང་བར་ངེས་པར་དུ་ཕྱུགས་རྩའི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་རེད། “ལོ་ཤས་ནང་ང་ཚོས་མི་ཐབས་ལ་བརྟེན་ནས་རྩྭ་བཏབ་སྟེ་ཕྱུགས་རྩའི་ཐོན་ཚད་མང་དུ་གཏོང་གི་ཡོད”ཅེས་བཟང་བཟང་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་པིན་གྱིས་བཤད། ས་རྒྱུ་ཧ་ཅང་ཞན་པའི་ས་ཆར་ད་དུང“ས་རྒྱུ་ལེགས་བཅོས་དང་རྒྱུད་པ་ལེགས་གཏོང”གི་བྱ་ཐབས་ལ་བརྟེན་ནས་རྩྭ་རའི་སྤུས་ཚད་ལེགས་སུ་གཏོང་གི་ཡོད།

    “ས་རྒྱུ་ལེགས་བཅོས་དང་རྒྱུད་པ་ལེགས་གཏོང”ལ་ཁ་རྒྱུན་དུ“ས་བརྗེ་བ”ཡང་ཟེར། སྔར་ཡོད་ཀྱི་ས་ལི་སྨི་40དྲུས་ཏེ་ས་ཆ་གཞན་དག་ནས་དབོར་བའི་ས་རྒྱུ་ལེགས་པོ་བརྗེས་ནས་རྩི་ཤིང་གི་གོ་ཐལ་གཏོར་ན་ས་བརྗེས་པ་རེད། མིག་སྔར་བཟང་བཟང་གྲོང་རྡལ་ལྷ་གཉའ་གྲོང་ཚོར་མུའུ་5000གི་ས་བརྗེས་རྩྭ་ར་ཡོད།

    ས་བརྗེས་རྗེས་ཀྱི་བཟང་བཟང་གྲོང་རྡལ་གྱིས“བ་གླང་གི་རྒྱུད་པ་ལེགས་གཏོང”བྱེད་འགོ་ཚུགས་པ་སྟེ། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་གཏོང་བྱེད་པ་དེ་རེད།

    ལོ་བཅུ་གྲངས་ནང་ཉེ་འབྲེལ་རྒྱུད་འཕེལ་བྱས་ཀྱང་། བཟང་བཟང་གྲོང་རྡལ་འབྲོག་ཁུལ་གྱི་འོ་མའི་ཐོན་ཚད་ད་བར་མཐོ་པོ་མེད། 2013ལོར་བཟང་བཟང་གྲོང་རྡལ་གྱིས་གྲོ་མོའི་ཕག་རི་གྲོང་རྡལ་སོགས་ནས་འབྲི་གཡག་མགོ་གྲངས་100ནང་འདྲེན་བྱས་ཏེ་གྲོང་ཚོ་ཁག་ལ་བགོ་བཤའ་བརྒྱབ་པས“བཟང་བཟང་གྲོང་རྡལ་དུ་ལོ་རེའི་འོ་མ་ཐོན་ཚད་དེ་སྔའི་ཏུན་30ནས་ཏུན་40བར་མཐོ་རུ་ཕྱིན་ཡོད་པ་རེད”

    2014ལོར་བཟང་བཟང་མར་གྱི་ཐོན་ཚད་རྒྱ་མ་ཁྲི་8ཡིན་པ་དང་རྒྱ་མ་རེར་སྒོར་70བྱས་ནས་འཚོང་གི་ཡོད་པས་ས་གནས་དེ་གའི་འབྲོག་པའི་དངུལ་སྨར་ཡོང་འབབ་སྒོར་ཁྲི་56མང་དུ་འགྲོ་ཐུབ་ཀྱི་ཡོད།

    དེ་སྔ་གནམ་ལ་བརྟེན་ནས་ལྟོ་རྒྱགས་ཙམ་ཡོད་པ་དང་ད་ཆ་ཚན་རྩལ་འབབ་འཕར་བྱུང་ནས་བཟང་བཟང་མར་གྱི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད།

    མཉམ་འབྲེལ་ལས་གཉེར་བྱས་ནས་ཁྲོམ་རའི་སྒོ་མོ་ཕྱེ་བ།

    རང་བྱུང་ཁམས་ལས་རྣམ་པར་རྒྱལ་ཡང་མཐར་རང་བྱུང་ཁམས་ལ་བརྩི་སྲུང་བྱེད་དགོས། ཕྱུགས་རིགས་འཚོ་དྲགས་པར་བརྟེན་བཟང་བཟང་གི་འདམ་རར་གཏོར་སྐྱོན་ཕོག་ཡོད།

    2011ལོར་བཟང་བཟང་གྲོང་རྡལ་གྱིས་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་པ་སྟེ། རྩྭ་ར་མུའུ་རེར་དེ་དང་འཚམ་པའི་ཕྱུགས་རིགས་མགོ་གྲངས་འཚོ་དགོས་པ་དེ་རེད། ཕྱུགས་རིགས་མང་བའི་འབྲོག་པ་ཁ་ཤས་ལ་བསམ་འཆར་ཡོད་པ་དང་སྲིད་ཇུས་ལ་མི་བལྟོས་པར་ལྐོག་ཏུ་ཕྱུགས་འཚོ་བའི་གནས་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད།

    འོན་ཀྱང་རྩྭ་རའི་ཁ་གསབ་དངུལ་སྤྲད་པ་དང་རྩྭ་རའི་སྣོད་བཅུད་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པས་འབྲོག་པའི་བསམ་བློར་འགྱུར་ལྡོག་བྱུང་ཡོད།

    པད་མ་ནོར་བུ་ནི་བཟང་བཟང་གྲོང་རྡལ་གུང་ལྷས་གྲོང་ཚོ་ནས་ཡིན་ཞིང་། འདི་ལོ་ལོ་42ལ་སླེབས་ཡོད་པ་རེད། པད་མ་ནོར་བུའི་ཁྱིམ་ལ་མི་9དང་རྩྭ་ར་མུའུ་6360ཡོད་པར་ཕྱུགས་རིགས་ཐེག་ཚད་མགོ་གྲངས་120ཟིན་གྱི་ཡོད་པ་དང་ལོ་ལྟར་རྩྭ་རའི་ཁ་གསབ་དངུལ་སྒོར་ཁྲི་2ཙམ་ལེན་རྒྱུ་ཡོད།

    “གལ་ཏེ་གསོས་པའི་ཕྱུགས་རིགས་རྩྭ་རའི་ཐེག་ནུས་ལས་བརྒལ་ཚེ་ཕྱི་ལོ་དང་གནངས་ལོ་ང་ཚོའི་ཕྱུགས་རིགས་ལ་རྩྭ་ཟ་རྒྱུ་མེད་པས་ཡོང་འབབ་དམའ་རུ་འགྲོ་ངེས་རེད། ད་ཆ་ང་ཚོས་ལུགས་མཐུན་ངང་ཕྱུགས་འཚོ་ན་ད་དུང་ཁ་གསབ་དངུལ་ཡང་ལེན་རྒྱུ་ཡོད་པས་ཚང་མ་དེ་ལྟར་བྱེད་འདོད་ཡོད”པད་མ་ནོར་བུ་2005ལོར་གུང་ལྷས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་དང་2013ལོར་གཞུང་ལས་པར་བསྒྱུར་བའི་གྲོང་ཚོའི་ལས་བྱེད་པ་ཁག་དང་པོའི་གྲས་ཡིན།

    2013ལོར་གུང་ལྷས་གྲོང་ཚོའི་བཟང་བཟང་མར་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་འགན་འཁུར་བ་པད་མ་ནོར་བུ་ཡིན།

    “དེ་སྔ་གྲོང་མི་རང་ཉིད་ཀྱིས་མར་འཚོང་སྐབས་རིན་གོང་སྒོར་20དང་40ཙམ་ཡིན་པ་དང་ལ་ལས་བྲིན་འཚོང་ཆེད་མར་ལྷད་བཏང་བས་བཟང་བཟང་མར་གྱི་སྙན་གྲགས་ལ་གནོད་ཀྱི་འདུག” དོན་དེར་བསམ་བློ་ཡང་ཡང་བཏང་བར་བརྟེན་པད་མ་ནོར་བུར་མཉམ་ལས་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར།

    འོན་ཀྱང་བཟང་བཟང་གི་མར་ཁྲོམ་རའི་ཐོག་འཚོང་བའི་ཐབས་ལམ་དེ་ཙམ་ཡག་པོ་མེད།

    སྤུས་རྟགས་ལ་བརྟེན་ནས་ཁྲོམ་རར་འཚོང་བར་སྤུས་ཚད་ཀྱི་འགག་སྒོ་སྲུང་དགོས་ཀྱི་རེད། “ཆེད་ལས་ཀྱི་ལས་སྣོན་མིན་པར་བརྟེན་འབྲོག་པའི་མར་ལ་སྤུ་སྙིགས་སོགས་ཡོད་པ་རེད” པད་མ་ནོར་བུས་ཁྱིམ་ཚང་རེ་རེ་བཞིན་བསྐྱོད་དེ་ཚང་མར་གཙང་སྦྲར་དོ་སྣང་བྱེད་པ་དང་སྤུས་ཚད་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    དེ་རྗེས་མཉམ་ལས་ཁང་དེ“བཟང་བཟང་མར”གྱི་མིང་ཐོག་ནས་སྤུས་རྟགས་ཐོ་འགོད་བྱས། སྤུས་རྟགས་ལ་བརྟེན་ནས་ཁྲོམ་རར་སྐྱོད་པ་དང་སྤུས་ཚད་ལ་བརྟེན་ནས་ཁྲོམ་རར་སྐྱོད་ཆེད་བཟང་བཟང་མར་གྱིས་མཉམ་འབྲེལ་ལས་གཉེར་བྱེད་འགོ་བཙུགས།

    “ལོ་ཤས་ནང་བཟང་བཟང་མར་ལ་གོང་མཐོ་པོ་རག་གི་མེད་པས་འབྲོག་པར་གྱོང་གུན་བཟོ་ཡི་ཡོད། གཅིག་གྱུར་ཉོ་སྒྲུབ་དང་གཅིག་གྱུར་བྲིན་ཚོང་བྱས་ཏེ་མར་གྱི་གོང་མི་ཆག་པ་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་བཟང་བཟང་མར་རྒྱ་མ་གང་ལ་སྒོར་100བར་མཐོ་རུ་གཏོང་རྒྱུ་ཡིན”ཞེས་བཟང་བཟང་མར་གྱི་སྙན་གྲགས་དང་སྤུས་ཚད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་པའི་པད་མ་ནོར་བུས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།