འཇོ་མདའ་རྫོང་ཉ་གཤིས་ཤང་ཝ་ཀུན་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་སྒོ་རའི་ནང་ཆེད་མངགས་རྒྱ་ཡིག་སློབ་མཁན་དགེ་རྒན་ཞིག་ཡོད། གྲོང་མི་ཚོས་བརྩེ་སེམས་ཟབ་མོའི་ངང“རྒན་ཞེ་ལགས”ཞེས་བརྗོད་ཀྱི་ཡོད། དགེ་རྒན་ཞེ་ཞེས་པ་དེ་ང་ཡིན།
ང་དགེ་རྒན་བྱེད་པ་དེ་ན་ནིང་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་འདྲི་རྟོགས་བྱས་པ་ནས་གླེང་འགོ་འཛུགས་དགོས། ན་ནིང་ཟླ་བཅུ་གཅིག་པར་ང་རང་ཝ་ཀུན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་ཁག་བཞི་པའི་རུ་མི་བྱས་ནས་གྲོང་ཚོར་སླེབས། དུད་ཚང་དུ་འདྲི་རྟོགས་བྱེད་པའི་བརྒྱུད་རིམ་ནང་དེ་གའི་ཕྲུ་གུ་ཚོས་སྤྱིར་ན་རྒྱ་ཡིག་ཤོད་མི་ཤེས་པས་གོ་བརྡ་འཕྲོད་ཁག་པོ་འདུག ཤེས་རྟོགས་བྱས་པ་བརྒྱུད། གྲོང་ཚོར་སློབ་ཆུང་མེད་པ་དང་། ཕྲུ་གུ་ཚོ་ཤང་དུ་སློབ་གྲྭར་བསྐྱོད་དགོས་པ། ལམ་ཐག་རིང་བས་ཕྲུ་གུ་ཁག་གཅིག་སློབ་མཚམས་ཆད་པ་དང་དབུལ་བའི་རྐྱེན་གྱིས་ཕྲུ་གུ་ཁག་གཅིག་སློབ་གྲྭར་སྐྱོད་མི་ཐུབ་པ་བཅས་གཞི་ནས་ཤེས་བྱུང་།
གྲོང་ཚོ་ཨུ་ལྷན་དུ་ཕྱིར་ལོག་བྱས་རྗེས“ཇི་ལྟར་དབུལ་ཡང་སློབ་གསོར་འཐུས་ཤོར་མི་གཏོང་བར་ཞིང་འབྲོག་པའི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བར་སྔོན་ལ་སློབ་གསོ་ནས་དམ་འཛིན་བྱེད་དགོས་པའི”ངོས་འཛིན་གཅིག་མཐུན་བྱུང་། དེ་རྗེས་ཚང་མས་གཅིག་ནས་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་སློབ་གྲྭར་ཕྱིར་ལོག་བྱེད་ཐབས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང“ཞིང་འབྲོག་པའི་བུ་ཕྲུག་གི་རིག་གནས་གསབ་ཁྲིད་འཛིན་གྲྭ”བཙུགས་ནས་ཕྲུ་གུ་ཚོར་རྒྱ་ཡིག་ཤེས་བྱ་གསབ་ཁྲིད་བྱས་ཡོད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བསམ་ཚུལ་དེར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ལུགས་བཤད་བྱུང་། ཆེད་སྤྱོད་སློབ་ཁང་མེད་སྟབས་ང་ཚོས་སྒོ་རའི་ནང་སློབ་ཚན་འཁྲིད་པ་དང་། ནག་པང་མེད་སྟབས་ནག་རྩི་བྱུགས་པའི་དྲིལ་བསྒྲགས་པང་ལེབ་ནག་པང་དུ་བྱས་པ། སློབ་གཞི་མེད་སྟབས་ཤང་ནས་སློབ་ཆུང་སློབ་དེབ་གཡར་བ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གཞི་རང་སྒྲིག་བྱས་ཡོད།
དེ་ལྟར་ན་ནིང་ཟླ་བཅུ་གཉིས་པའི་ཟླ་འགོ་ནས་བཟུང་ང་ཚོས་ཉིན་ལྟར་སྔ་དྲོའི་དུས་ཚོད་སྤྱད་དེ་གྲོང་ཚོའི་ཞིང་འབྲོག་པའི་བུ་ཕྲུག་ལ་རྒྱ་ཡིག་གསབ་ཁྲིད་བྱེད་ཀྱི་ཡོད། ཕྲུ་གུ་ཆུང་ཙམ་ལ་ངས་རྨང་གཞིའི་རྒྱ་ཡིག་སྒྲ་སྦྱོར་རྐང་རེ་རེ་བཞིན་འདོན་སྟངས་བསླབས་ཡོད། ཕྲུ་གུ་ཆེ་ཙམ་ལ་རྒྱ་ཡིག་གི་རྨང་གཞིའི་བརྡ་སྤྲོད་ནས་འགོ་བཙུགས་ཏེ་རྨང་གཞིའི་ཚིག་སྦྱོར་དང་རྒྱུན་སྤྱོད་སྐད་ཆ་བསླབས་ནས་ཕྲུ་གུ་ཚོས་བསླབ་གཞི་སྟབས་བདེ་ཀློག་ཐུབ་པ་བྱས་པ་དང་ད་དུང་རྒྱ་ཡིག་ཡང་དག་འབྲི་སྟངས་བསླབས་ཡོད། ད་དུང་ང་ཚོས་དངུལ་རང་གྲབས་བྱས་ནས་ཕྲུ་གུ་ཚོར་རྒྱ་ཡིག་ཚིག་མཛོད་ཉོས་ཏེ་ཁོང་ཚོའི་རྒྱ་ཡིག་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད། དུས་དེ་ནས་བཟུང་ངའི་ཉིན་རེའི་སྤྲོ་སྣང་ཆེ་ཤོས་ཀྱི་བྱ་བ་ནི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཕྲུ་གུ་ཚོར་སློབ་ཚན་འཁྲིད་རྒྱུ་དེ་ཡིན།
“ཞིང་འབྲོག་པའི་བུ་ཕྲུག་གི་རིག་གནས་གསབ་ཁྲིད་འཛིན་གྲྭ”ཡག་པོ་གཉེར་རྒྱུ་དེར་ང་ཚོས་ཧ་ཅང་མཐོང་ཆེན་བྱས་ནས་སློབ་ཁྲིད་གྲ་སྒྲིག་ནན་ཏན་བྱེད་ཀྱི་ཡོད། ཉིན་ལྟར་གྱི་མཚན་མོར་སློབ་ཁྲིད་གྲ་སྒྲིག་བྱས་རྗེས་རུ་མི་གཞན་དག་མདུན་དུ་སློབ་ཚན་སྔོན་ཁྲིད་རེ་བྱེད་པ་དང་ཚང་མ་དང་གྲོས་བསྡུར་དང་བསམ་འཆར་འདོན་རེས་བྱས་ནས་སློབ་ཚན་གྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་གི་ཡོད།
དཀའ་ལས་བརྒྱབ་ན་འབྲས་བུ་ཐོན་ངེས་རེད་ཅེས་པའི་དཔེ་ལྟར་གྲོང་ཚོའི་ནང་རྒྱ་ཡིག་སློབ་ཚན་ཉན་པར་ཡོང་མཁན་དང་རྒྱ་སྐད་ཤོད་མཁན་ཕྲུ་གུ་ཇེ་མང་དུ་ཕྱིན་པ་དང་། ཤང་དུ་སློབ་གྲྭར་འགྲོ་མཁན་ཕྲུ་གུ་མང་པོ་ཞིག་གུང་གསེང་བཞག་རྗེས་སློབ་ཚན་ཉན་པར་ཡོང་བ་དང་ཐ་ན་ཁྱིམ་བདག་ཁ་ཤས་ཀྱིས་ཀྱང་ཞིང་དལ་དུས་ཚོད་སྤྱད་དེ་སློབ་ཚན་ཉན་པར་ཡོང་གི་ཡོད། དེ་ལས་གྲོང་ཚོའི་ནང་རྒྱ་ཡིག་སྦྱོང་བའི་ཚ་རླབས་ཤིག་འཕྱུར་སོང་།
ཟླ་བ་ཁ་ཤས་དཀའ་ངལ་ཁྱད་བསད་བྱས་པ་བརྒྱུད་ཝ་ཀུན་གྲོང་ཚོའི་ཕྲུ་གུ་ཚོའི་རྒྱ་ཡིག་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རང་འགུལ་ངང་ང་ཚོ་དང་རྒྱ་སྐད་ཐོག་ནས་སྤེལ་རེས་བྱེད་པ་དང་ལྷག་པར་དུ་ཅ་དངོས་ཉོ་བའམ་ཡང་ན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འདྲི་རྟོགས་བྱེད་སྐབས་ཕྲུ་གུ་ཚོ་ལས་དོན་རུ་ཁག་དང་མང་ཚོགས་སྤེལ་རེས་བྱེད་པའི་སྐད་བསྒྱུར་བར་གྱུར་ཡོད། ཁྱིམ་བདག་ཚོས་དགའ་ཚོར་ཆེན་པོའི་ངང“དེ་དག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བཀའ་དྲིན་ཡིན”ཞེས་བརྗོད་ཀྱི་ཡོད།
མང་ཚོགས་ནི་ང་ཚོའི་དགེ་རྒན་ཡིན། སྔ་དྲོ་ང་ཚོས་ཕྲུ་གུ་ཚོར་སློབ་ཚན་འཁྲིད་རྗེས་ཕྱི་དྲོ་དུས་ཚོད་བྱུང་ཚེ་གྲོང་མི་ཚོས་ང་ཚོའི་རྒྱ་རིགས་བློ་མཐུན་ཁ་ཤས་ལ་བོད་སྐད་སློབ་ཚན་འཁྲིད་ཀྱི་ཡོད། ད་ཆ་ང་ཚོས་བོད་སྐད་སྟབས་བདེ་ཁ་ཤས་བརྒྱབ་ནས་མང་ཚོགས་དང་སྤེལ་རེས་བྱེད་ཐུབ་ཀྱི་ཡོད། དེ་ལྟར་ཕན་ཚུན་སློབ་སྦྱོང་བྱེད་པའི་རྣམ་པ་དེས་སྐད་ཡིག་ཁོ་ནའི་སྤེལ་རེས་ཀྱི་དོན་སྙིང་ལས་བརྒལ་ཡོད། དེ་ནི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གཞི་རིམ་མང་ཚོགས་འབྲེལ་འདྲེས་དང་མཐུན་སྒྲིལ་གྱི་མཚོན་ཚུལ་ཞིག་ཡིན་ལ་མི་རིགས་ཁག་ཕན་ཚུན་སློབ་སྦྱོང་དང་། མྱོང་བ། ཁོང་ཡངས་བྱས་ནས་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པའི་མཚོན་ཚུལ་ཡང་ཡིན།
ད་ཆ་ང་ཚོ་དུད་ཚང་དུ་འདྲི་རྟོགས་བྱེད་པར་འགྲོ་སྐབས་ཕྲུ་གུ་ཚོས་ནན་ཏན་ངང་རྒྱ་ཡིག་ཡིག་གཟུགས་སྦྱོང་བ་མཐོང་རྗེས་སེམས་ནང་དགའ་བ་ཆེན་པོ་སྐྱེ་གི་འདུག ང་ཚོའི་ལས་དོན་རུ་ཁག་གི་ཕུགས་བསམ་ཆེ་ཤོས་ནི་གྲོང་ཚོའི་ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་ཐུབ་པ་དང་སློབ་སྦྱོང་ཡག་པོ་བྱེད་ཐུབ་པ་དེ་ཡིན། ཕྲུ་གུ་ཚོར་ཤེས་ཡོན་ལྡན་ཚེ་ཇི་ལྟར་དབུལ་ཕོངས་ཀྱི་ས་ཁུལ་ཡིན་ཡང་ཚང་མར་རེ་བས་ཁེངས་ཡོད།