དབུ་ཤོག>གསར་འགྱུར།
  • ནག་ཆུས་ལམ་སྲོལ་གསར་གཏོད་བྱས་ནས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-10

    “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་། ནག་ཆུ་ས་ཁུལ་གྱིས་དབུལ་སྒྲོལ་གསར་སྤེལ་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་7.3བཏང་བ་དང་། རྣམ་གྲངས781ལག་བསྟར་བྱས་པས། མི་89284དབུལ་སྒྲོལ་བྱུང་བ་རེད། དབུལ་སྐྱོར་གསར་སྤེལ་ལས་དོན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ས་ཁུལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། འདི་ལོ་ནས་བཟུང་། ནག་ཆུ་ས་ཁུལ་གྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱས་ཏེ། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད་འདུག

    དབུལ་སྐྱོར་གསར་སྤེལ་དོ་དམ་གྱི་སྒྲིག་གཞི་གསར་གཏོད་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། གཅིག་ནས“རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་འཁུར་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ཐད་ཀར་དོ་དམ་བྱེད་པ། རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཤང་དང་གྲོང་རྡལ་གྱིས་ཆེད་མངགས་སྒྲུབ་པ”བཅས་ཀྱི་དོ་དམ་སྒྲིག་གཞི་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། 《ལག་བསྟར་བསམ་འཆར》གཞིར་བཟུང་། “མ་རྩ་དང་། ལས་འགན། དབང་ཆ། འགན་འཁྲི”བཅས་བཞིའི་དོན་འཁྱོལ་ལ་དམ་འཛིན་བྱས་ནས། རྣམ་གྲངས་འདུན་ཞུ་དང་མཆན་འགོད་ཀྱི་གོ་རིམ་གྱི་བླང་བྱ་སྟབས་བདེ་རུ་བཏང་སྟེ་རྫོང་ཁག་གི་གནས་བབ་གཙོ་བོར་དེ་བས་སྣང་ཆེན་དང་། གཅིག་གྱུར་འཆར་འགོད་གྱི་མ་རྩ་བགོ་བཤའ་ལུགས་མཐུན་བརྒྱབ་སྟེ། དབུལ་སྐྱོར་མ་དངུལ“གཅིག་དཔེ་བརྒྱ་འགེབས”དང“ཁ་ཡོད་ཚད་ལ་བུ་རམ་སྟེར་བའི”སྣང་ཚུལ་མི་ཐོན་པ། “རྫོང་གིས་དོན་འཁྱོལ་ལ་དམ་འཛིན་དང་། ལས་དོན་གྲོང་ཚོར་སྤེལ་བ་དང་། དབུལ་སྐྱོར་དུད་ཚང་དུ་བྱེད་པའི”ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། དབུལ་སྐྱོར་ལས་ཀའི་འགན་འཁྲི་ཞིབ་ཚགས་བཟོ་བ་ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་གྱི་ལས་སྒྲུབ་འགན་འཁྲི་དོན་འཁྱོལ། རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་གྱི་སྟོབས་ཤུགས་འདོན་སྤེལ་བཅས་བྱས་ཏེ། ཞུགས་པའི་རྣམ་པའི་དབུལ་སྐྱོར་ལས་དོན་ཁྱབ་གདལ་གཏོང་རྒྱུ་དང་། དང་གཉིས་ནས་རྫོང་རིམ་པའི་དབུལ་སྐྱོར་གྱི་རྣམ་གྲངས་མཛོད་བཟོས་ཏེ། དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི200ཡན་བཏང་བའི་དབུལ་སྐྱོར་རྣམ་གྲངས་ལ《འོས་སྐུལ་འོས་དཔོད་ཀྱི་བཅའ་ཁྲིམས》ལྟར་འོས་སྐུལ་འོས་དཔོད། ཨར་ལས་གན་རྒྱར་མིང་རྟགས་འགོད་རྒྱུ་དེ་འཆར་འགོད་ཀྱི་བླང་བྱ་དང་འཚམ་པར་བྱེད་པ་དང་སྦྲགས། ལས་གྲྭའི་འབོར་ཚད་ཀྱི་གསལ་ཐོ་བཟོ་རྒྱུ་ཡིན་པ་རེད།

    དབུལ་སྐྱོར་མ་རྩའི་དོ་དམ་ལམ་སྲོལ་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། གཅིག་ནས་དབུལ་སྐྱོར་དང་། སྒྲིག་བཤེར། རྩིས་བཤེར་བཅས“ཕྱོགས་གསུམ་གྱི་ལྷན་འཛོམས་ཞིབ་བཤེར”གྱི་རྣམ་གྲངས་མ་རྩའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་བཙུགས་ཏེ་རྣམ་གྲངས་མ་རྩ་ཡོངས་བསྒྲགས་དང་། སྤྱི་བསྒྲགས། བསྒྲགས་ཡིག་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་དབུལ་སྐྱོར་མ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་དབུལ་སྐྱོར་གསར་སྤེལ་མ་རྩའི་དོ་དམ་བྱ་ཐབས་འཛུགས་པ་དང་། འཐུས་ཚང་དུ་བཏང་ནས་ས་གནས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་མ་རྩའི་དམིགས་བསལ་རང་བཞིན་ཆེ་རུ་བཏང་སྟེ་ཆེད་དངུལ་ཆེད་སྤྱོད་འགན་ལེན་བྱ་རྒྱུ། གསུམ་ནས་ས་ཁུལ(རྫོང)གི་ཆ་ལག་ཚང་བའི་དབུལ་སྐྱོར་མ་རྩའི་དོ་དམ་བྱ་ཐབས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་ཆ་ལག་ཚང་བའི་དབུལ་སྐྱོར་མ་རྩ་བེད་སྤྱོད་ཀྱི་ལམ་སྲོལ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱབ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།

    དབུལ་སྐྱོར་གསར་སྤེལ་གྱི་དཔྱད་ཞིབ་ལམ་སྲོལ་ལག་བསྟར་ཤུགས་ཆེན་བྱ་རྒྱུ་ཡིན་ཞིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་བྱས་རྗེས་དངོས་ལ་སྡུར་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་དང་། ཚན་པ་དང་སྡེ་ཚན་ཁག་གིས་དབུལ་སྐྱོར་གསར་སྤེལ་གྱི་ཕན་འབྲས་དཔལ་འབྱོར་འཕེལ་རྒྱས་ལ་སྡུར་ཞིབ་བྱེད་པའི་སྟོན་གྲངས་གལ་ཆེན་དུ་བརྩིས་ནས་དཔྱད་ཞིབ། ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གིས་ལོ་འཁོར་གྱི་དབུལ་སྐྱོར་གསར་སྤེལ་ལས་ཀའི་གྲུབ་འབྲས་ཕྱི་ལོའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཀྱི་མ་དངུལ་བཀོད་སྒྲིག་དང་འབྲེལ་མཐུད་བྱ་རྒྱུ་ཡིན་པ་རེད།

    གནད་སྨིན་དབུལ་སྐྱོར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། གཙོ་གནད་རྫོང་དང་། ཤང་། གྲོང་ཚོ། དུད་ཚང་དབུལ་པོ་བཅས་ལ་གནད་ལ་སྨིན་པའི་དབྱེ་འབྱེད་དང་། ཡིག་ཚགས་དང་གཱ་བཟོས་ནས་མི་འབོར་དབུལ་པོའི་གྲངས་ཚད་དང་། ཁྱབ་ཚུལ། དབུལ་པོའི་ཚད་གཞི། དབུལ་པོ་ཆགས་རྐྱེན་བཅས་ལ་སྐབས་འཕྲལ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ། རོགས་སྐྱོར་གྱི་བྱ་ཐབས་བཟོས་ནས་དབུལ་སྐྱོར་ཐོན་ཁུངས་བཀོད་སྒྲིག་གནད་སྨིན་བྱས་ཏེ། དུས་བཀག་ལྟར་དབུལ་སྐྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།